ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྷ་སར་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྒྱག་འགོ་ཚུགས་པ།


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་རྒྱག་འགོ་ཚུགས་ཀྱང་བོད་པ་ཚོ་རྒྱ་ནག་གིས་བཟོས་པའི་འགོག་ཁབ་དེ་ཚད་ལྡན་ཡིན་མིན་དང་ཕན་ནུས་ཆེ་ཆུང་། འགོག་ཁབ་དེར་ཞོར་གནོད་ཅི་ཞིག་ཡོད་མེད་བཅས་ལ་བློ་དོགས་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་དང་པོའི་ཚེས་༡༨་ཉིན་མིང་བརྗོད་འདོད་མེད་པའི་ལྷ་སའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་བརྡ་ཁྱབ་བཏང་སྟེ་ལྷ་སའི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་བྱེད་པ་དང་ཁོར་ཡུག་གཙང་བཟོ་བ། གཞུང་གི་ལས་བྱེད་པ་དང་སྤྱི་བདེ་ཉེན་རྟོག་པ་སོགས་ལ་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་རྒྱག་རྒྱུ་ཡིན་ཞེས་བརྡ་ཁྱབ་བཏང་སོང་། ཡིན་ནའི་ད་ལྟའི་ཆར་འགོག་ཁབ་རྒྱག་དང་མི་རྒྱག་ནི་རང་མོས་ཡིན་པའི་ཁྱབ་བསྒྲགས་བྱས་སོང་ཞེས་བཤད་འདུག

གསར་འགྱུར་མཁོ་སྤྲོད་པས་རྒྱ་ནག་གཞུང་གིས་འགོག་ཁབ་རྒྱག་ཏུ་ཤོག་ཟེར་བ་ཙམ་ལས་ཁབ་དེའི་ཕན་གནོད་སོགས་ལ་འགྲེལ་བཤད་གང་ཡང་བརྒྱབ་མ་སོང་། དེས་ན་མི་མང་པོ་ཞིག་གིས་འགོག་ཁབ་དེ་ཤུགས་ཆེན་པོ་ཡིན་སྲིད། ད་དུང་ཞོར་གནོད་མང་པོ་ཞིག་བྱུང་ན་གཟུགས་པོར་གནོད་སྐྱོན་གཏོང་གི་རེད་ཅེས་འཇིགས་སྣང་བྱས་ནས་འགོག་ཁབ་དེ་རྒྱག་གི་མི་འདུག སྐད་འཕྲིན་ཚོགས་པ་ཁག་ཏུའང་འགོག་ཁབ་རྒྱག་གི་མིན་ཟེར་མཁན་ཤ་སྟག་རེད་འདུག འོན་ཀྱང་ཕྱིས་སུ་རིམ་བཞིན་མང་ཚོགས་ཀྱིས་ངེས་པར་དུ་འགོག་ཁབ་རྒྱག་དགོས་པ་ཞིག་ཏུ་འགྱུར་རྒྱུ་རེད། མང་ཚོགས་ལ་ག་དུས་འགོག་ཁབ་རྒྱག་རྒྱུ་ཡིན་མིན་གཏན་ཁེལ་བྱུང་མི་འདུག་ཅེས་བཤད་འདུག

འདི་དང་དུས་མཚུངས་སུ་འགོག་ཁབ་རྒྱག་དགོས་པའི་ལས་བྱེད་པའི་ཐོ་གཞུང་དུ་འཁོད་པའི་བོད་པ་མིང་རྗོད་འདོད་མེད་མཁན་ཞིག་གིས་འདི་གའི་གསར་འགོད་པར་མི་མང་པོ་ཞིག་ལ་འགོག་ཁབ་བརྒྱབ་ཚར་འདུག ད་སྔ་ང་རང་གིས་འགོག་ཁབ་བརྒྱབ་མེད། མང་ཚོགས་ལ་ས་ཁུལ་སོ་སོ་བྱས་ནས་རིམ་གྱིས་འགོག་ཁབ་རྒྱག་དགོས་པའི་བརྡ་ཁྱབ་གཏོང་གི་ཡོད་མདོག་ཁ་པོ་རེད། དེ་དུས་ངེས་པར་དུ་འགོག་ཁབ་རྒྱག་དགོས་ཐུག་གི་རེད། མིག་སྔར་འགོག་ཁབ་བརྒྱབ་ཟིན་པ་ཚོའི་གྲས་སུ་ཞོར་གནོད་བྱུང་ཡོད་པ་ཤེས་རྟོགས་བྱུང་མ་སོང་ཞེས་འགྲེལ་བརྗོད་གནང་སོང་།།

སྤྱིར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་འགོག་ཁབ་དེ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་ནད་པ་ཚོར་བརྒྱབ་ནས་ཚོད་ལྟ་བྱས་ཡོད་ཅིང་། སྤྱི་ལོ་༢༠༢༡་གི་ཕྱི་དང་པོའི་ཚེས་༡༤་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་བྷར་ཛིལ་གྱི་ནད་པ་ཛ་དྲག་ཅན་ཚོར་རྒྱ་ནག་གིས་བཟོས་པའི་འགོག་ཁབ་བརྒྱབ་ནས་ཕན་ནུས་བརྒྱ་ཆ་༡༠༠་ཐོན་འདུག་ཅེས་བསྒྲགས། ཡིན་ནའང་གཟའ་འཁོར་སྔོན་མར་བྷར་ཛིལ་གཞུང་གིས་རྒྱ་ནག་གི་འགོག་ཁབ་བརྒྱབ་སྟེ་ཚོད་ལྟ་བྱས་པའི་གྲུབ་འབྲས་རྣམས་གཞི་གྲངས་སུ་བཀོད་པ་ལྟར་ན། རྒྱ་ནག་གིས་བཟོས་པའི་འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་༥༠་གྲངས་ཆུང་༣༨་ལས་ཐོན་མེད་ཅིང་། ཐོག་མར་པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་གིས་བཟོས་པའི་འགོག་ཁབ་དེར་ཕན་ནུས་བརྒྱ་ཆ་༧༨་ཡོད། ནད་པ་ཛ་དྲག་ཅན་ཚོར་ཕན་ནུས་བརྒྱ་ཆ་༡༠༠་ཡོད་ཅེས་བསྒྲགས་པ་ལས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷ་ཛིལ་གཞུང་གིས་གཞི་གྲངས་སུ་བཀོད་པ་ཞིག་མིན་ཞིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚད་གཞི་ལྟར་འགོག་ཁབ་གསར་པ་གང་འདྲ་ཞིག་བཟོས་ཀྱང་དེ་ལ་ཉུང་མཐར་ཡང་ཕན་ནུས་བརྒྱ་བ་༥༠་འཐོན་དགོས་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG