ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་ལྷོ་ཕྱོགས་སུ་ཕྱི་ཚེས་༩་ཉིན་གསུམ་བཅུའི་དུས་དྲན་སྲུང་བརྩི།


༄༅།། ཕྱི་ཚེས་༩་ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཀོ་ལི་གྷལ། ཧུན་སུར་བཅས་ས་གནས་ཁག་གསུམ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་པ་ཁག་༦་མཉམ་འབྲེལ་གྱིས་རྒྱུན་ལས་རྣམས་དང་མེ་སོར་གྲོང་ཁྱེར་གྱི་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་སོགས་ཁྱོན་བསྡོམས་མི་གྲངས་༧༠་མ་ཟིན་ཙམ་ཞིག་གིས་ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་གྲོང་འཁྱེར་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༢་པ་སྲུང་བརྩི་ཞུས་ནས་ལས་འགུལ་སྤེལ་སོང་། དེ་ཡང་སྔ་དྲོའི་ཆུ་ཚོད་༡༡་པ་ནས་ཆུ་ཚོད་གཉིས་ཀྱི་རིང་ལ་ལས་འགུལ་བ་ཚོས་མེ་སོར་གྲོང་ཁྱེར་གྱི་རྫོང་དཔོན་ལས་ཁུངས་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་དང་ཡིག་བྱང་སྣ་ཚོགས་ཁྱེར་ནས་ཞི་བའི་ངོ་རྒོལ་བྱས་པ་དང་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་མཚམས་འཇོག་བྱ་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་ཞེས་པ་སོགས་ཀྱི་འབོད་ཚིགས་བསྒྲགས། ལས་འགུལ་ཚོགས་པའི་མགྲིན་ཚབ་པ་སྦེལ་ཀོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ཀྱིས་ས་གནས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་མི་འདྲ་བ་ཁག་ལ་དེ་རིང་གི་ལས་འགུལ་ངོ་སྤྲོད་དང་གཏམ་བཤད་གནང་སྟེ་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད།

དེ་རིང་གི་ལས་འགུལ་སྐབས་སུ་དགོས་འདུན་དོན་ཚན་བཞི་བཏོན་ནས་སྤེལ་ཡོད་ཅིང་། སྔ་ལོ་ཏོག་དབྱིབས་ནད་དུག་གིས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་ཐུབ་མེད་པས་ལོ་འདིར་ལས་འགུལ་རྒྱས་པ་ཞིག་སྤེལ་རྒྱུའི་གྲོས་སྡུར་བྱས་ནས་ཐག་གཅོད་བྱུང་འདུག ཕྱི་དྲོའི་ཆུ་ཚོད་༣་པ་ནས་ལས་འགུལ་བ་རྣམས་ཚོགས་ཆུང་གསུམ་ལ་ཆ་བགོས་ཀྱིས་མེ་སོར་གྲོང་ཁྱེར་གྱི་མི་ཚོགས་ཆེ་སའི་ས་ཚིགས་ཁག་ལ་རྒྱ་གར་ཡུལ་མི་ཚོར་ཀར་ན་ཊ་ཀའི་ཡུལ་སྐད་དང་དབྱིན་ཡིག་གཉིས་སུ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བོད་དོན་གྱི་ཡིག་ཆ་འགྲེམ་སྤེལ་བྱས་པར་མ་ཟད། ཕྱི་དྲོར་མེ་སོར་རྒྱལ་ཁང་མདུན་ཐང་དུ་མར་མེ་སྨོན་ལམ་གྱི་ལས་འགུལ་ཞིག་སྤེལ་འདུག གཙོ་བོ་འཛམ་གླིང་ཞི་བདེ་དང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བློས་གཏོང་གནང་མཁན་རྣམས། ལྷག་པར་དུ་སྔ་ལོ་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་གདོང་གཏུག་བྱུང་སྟེ་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་དམག་མི་རྣམས་ཀྱི་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག

ཐོག་མའི་འཆར་གཞི་ལྟར་ན་ཕྱི་ཟླ་༣་པའི་ཚེས་༨་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་བྷེང་ལོར་དུ་ལས་འགུལ་སྤེལ་རྒྱུ་དང་ཕྱི་ཚེས་༩་ཉིན་བྷེང་ལོར་ནས་མེ་སོར་བར་གྱི་ས་གནས་ཁག་ལ་བོད་དོན་ཡིག་ཆ་འགྲེམ་སྤེལ། ཕྱི་ཚེས་༡༠་ཉིན་ལས་འགུལ་དངོས་གཞི་དེ་མེ་སོར་གྲོང་ཁྱེར་དུ་སྤེལ་རྒྱུ་བཅས་ཉིན་གསུམ་གྱི་འཆར་འགོད་བྱས་ཀྱང་བྷེང་ལོར་གྲོང་ཁྱེར་གྱི་ལས་འགུལ་སྤེལ་ཡུལ་ཁག་ལ་བཀའ་འཁྲོལ་མ་ཐོབ་པའི་དཀའ་ངལ་ལ་བརྟེན་ནས་མེ་སོར་གྲོང་ཁྱེར་དུ་ཉིན་གཉིས་ཀྱི་རིང་ལ་ལས་འགུལ་སྤེལ་རྒྱུ་ཐག་གཅོད་བྱུང་ཞིང་། ཕྱི་ཚེས་བཅུའི་དུས་དྲན་གྱི་ལས་འགུལ་དངོས་གཞིའི་ཉིན་མི་བརྒྱ་ལྷག་གིས་མེ་སོར་གྲོང་ཁྱེར་དུ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་གྱི་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG