ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྐབས་༡༦་པའི་གྲོས་ཚོགས་ཚོགས་དུས་༡༠་པ་འཚོགས་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་༡༦་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠་པ་ཕྱི་ཟླ་༣་པའི་ཚེས་༡༥་ནས་༣༡་བར་དུ་འཚོགས་གཏན་ཁེལ་ཡོད་པའི་གསལ་བསྒྲགས་སྤེལ་འདུག སྔ་ལོ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་གྱིས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོགས་དུས་ཉིན་གཅིག་ལ་ཚོགས་ཏེ་ལས་བསྡོམས་གྲོས་ཚོགས་ཕར་འགྱངས་བྱ་དགོས་བྱུང་ཞིང་། ད་ཐེངས་ཀྱི་༢༠༢༡-༢༢་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཀྱི་ཚོགས་དུས་དེ་གོ་སྒྲིག་གནང་ཕྱོགས་ཐད་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལ་བཅར་དྲི་ཞུས་པར་གྲོས་ཚོགས་ཀྱི་ཚོགས་དུས་རྒྱུན་ལྡན་མ་ཡིན་པའི་གནས་སྟངས་འོག་ཏུ་གྲ་སྒྲིག་བྱས་ཡོད་ཅེས་ངོ་སྤྲོད་གནང་བྱུང་།།

བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་སྒྲུབ་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་༡༨་པར་གྲོས་ཚོགས་འཐུས་མི་རྣམས་ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ། ཚོགས་དུས་གཉིས་པ་གྲོལ་བའི་ཉིན་མོ་ནས་སྤྱི་འཐུས་རྣམས་འཕོ་འགྱུར་སོང་བར་ངོས་འཛིན་བྱ་དགོས་ཞེས་བཀོད། སྔ་ལོ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་སྐབས་སུ་རྒྱལ་ཁབ་མང་པོ་ཞིག་གིས་སོ་སོའི་ཡུལ་མི་རྣམས་ཕྱི་ལ་འགྲོ་སྐྱོད་བྱེད་མི་ཆོག་པའི་བཀག་འགོག་བྱས་པར་མ་ཟད། རྒྱལ་ཁབ་ཁག་ཅིག་གིས་ད་དུང་ཡང་སྒོ་ཕྱེ་མེད་པ་དང་རྒྱ་གར་གཞུང་གིས་ཀྱང་ཡུལ་སྐོར་བའི་ཐོངས་མཆན་སྤྲད་ནས་འགྲོ་འོང་བྱེད་དུ་མི་འཇུག་པར་འགྲིམ་འགྲུལ་བཀག་ཡོད་པ་བཅས་ལ་དགོངས་པ་ཇི་ལྟར་བཞེས་ཀྱི་ཡོད་ཅེས་བཀའ་དྲི་ཞུས་པར་ཚོགས་གཙོ་མཆོག་གིས་ད་ལྟའི་གནས་སྐབས་སུ་ཁྲིམས་སྒྲིག་ཏུ་གང་འཁོད་ཡོད་པ་དེར་ངོས་འཛིན་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་ཀྱང་མ་འོངས་པར་དེའི་རིགས་ཀྱི་དཀའ་ངལ་མི་འཕྲད་པའི་ཆེད་དུ་ཐེངས་འདིའི་གྲོས་ཚོགས་སུ་ཁྲིམས་སྒྲིག་བསྐྱར་བཅོས་བྱ་རྒྱུ་ཡིན་ཞེས་ལན་འདེབས་གནང་བ་དང་ད་ལྟའི་འཆར་སྤྱི་འཐུས་དགོངས་པ་ཞུས་པ་ཁག་ཅིག་བྱུང་འདུག

ཉིན་བཅོ་ལྔའི་གྲོས་སྡུར་ནང་དུ་སྔོན་རྩིས་ཐད་འདི་ལོའི་ཕྱི་ཟླ་༢་པའི་ཚེས་༡༥་ནས་ཕྱི་ཟླ་༣་པའི་ཚེས་༩་བར་དུ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཞིབ་འཇུག་བྱུང་ཡོད་སྟབས་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འབུལ་ཞུས་པ་དེར་ཚོགས་ཆུང་གིས་སྤར་གཅོག་རིགས་བྱས་ཡོད་མེད་དྲིས་པར་སྤྱི་ཡོངས་ཀྱི་སྔོན་རྩིས་ལ་ལས་དོན་གསར་པ་ཅང་མེད། སྔ་ལོ་ཏོག་དབྱིབས་ནད་དུག་ལས་དོན་དངོས་སུ་སྤེལ་མ་ཐུབ་པ་མང་པོ་ཞིག་བྱུང་འདུག་ཅེས་གསུངས་བྱུང་། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ཧི་མ་ཅལ་གྱི་ཁྲིམས་སྒྲིག་གཞི་ལྟར་ན། ཕྱི་ཕྱོགས་ནས་ཕེབས་པའི་མི་རྣམས་མ་གཏོགས་གཞན་ཚོས་བརྟག་དཔྱད་བྱེད་དགོས་ཀྱི་མེད་ཀྱང་གྲོས་ཚོགས་ཀྱི་འཐུས་མི་ཡོངས་རྫོགས་དངོས་སུ་འདུས་ཏེ་ཚོགས་དུས་འགོ་འཛུགས་མ་ཞུས་གོང་དུ་བརྟག་དཔྱད་ཐུབ་ཐབས་སུ་འབྲེལ་ཡོད་འཕྲོད་བསྟེན་དྲུང་ཆེ་དང་སྨན་པ་བཅས་པར་གཞེན་སྐུལ་ཞུས་ཡོད་ཅེས་ལན་འདེབས་གནང་བྱུང་།།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༩་པར་སྤྱི་འཐུས་ལྷན་ཚོགས་སྐོང་འཚོགས་ཐུབ་པར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆའི་གཉིས་ངེས་པར་དུ་འདུ་ཐུབ་དགོས་ཞེས་འཁོད། དེ་ནི་སྤྱི་འཐུས་ཀྱི་རྩ་འབོར་༤༥་ནས་འཐུས་མི་༣༠་ཐམ་པ་འདུ་དགོས་པ་རེད། ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་བདུན་ལྷག་ཕར་འགྱངས་བྱ་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་ཕར་འགྱངས་ཀྱི་ཐག་གཅོད་གནང་ཆོག་གི་ཡོད་ཅེས་བཅའ་ཁྲིམས་དོན་ཚན་༤༩་པའི་ནང་གསེས་གཉིས་པར་གསལ་གྱི་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG