ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལྷོ་ཕྱོགས་སུ་བོད་པའི་དམངས་གཙོའི་དུས་ཆེན་སྲུང་བརྩི།


༄༅།། ཕྱི་ཟླ་༩་པའི་ཚེས་༢་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པའི་གཞིས་ཆགས་ཁག་ཏུ་དམངས་གཙོའི་དུས་ཆེན་ཐེངས་༦༡་པ་སྲུང་བརྩི་ཞུས་ཡོད་ཅིང་། སྦེལ་ཀོབ་གཞིས་ཆགས་ཀྱི་ས་གནས་ཁྲིམས་ཞིབ་པ་དང་ས་གནས་གཞིས་འགོ མང་ཚོགས་ཀྱི་སྐུ་ཚབ་སྤྱི་མི་རྣམས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམས་གཞིས་སྤྱིའི་རྒྱལ་བའི་ཕོ་བྲང་དུ་འདུ་འཛོམས་ཀྱིས་དམངས་གཙོའི་དུས་ཆེན་སྲུང་བརྩི་ཞུས་སོང་། ལུགས་བདེ་གཞིས་ཆགས་གཉིས་ཀྱི་ས་གནས་གཞིས་འགོ་དོན་གྲུབ་རྒྱལ་པོས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱངས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཞིང་པ་ལྔ་ལ་གཟེངས་སུ་ཐོན་པའི་ལག་འཁྱེར་དང་བྱ་དགའ་སྤྲད། སྦེལ་ཀོབ་བདེ་སྐྱིད་སླར་གསོའི་གཞིས་ཆགས་ཀྱི་ཏྲེ་ཧོར་དགུ་མདའ་ཚང་བློ་གྲོས་དགེ་ལེགས་ལ་ཞིང་པ་རྩེ་ཕུད་ཀྱི་གཟེངས་བསྟོད་ཧིན་སྒོར་འབུམ་གཅིག་ཐོབ།།

ཀོ་ལི་གྷལ་དོན་ལྡན་གླིང་དང་མོན་གྷོ་འདོད་རྒུ་གླིང་། ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུའང་མང་ཚོགས་འདུ་འཛོམ་མེད་པར་ཚོགས་པ་ཁག་གི་ལས་སྣེ་ཚོ་དམངས་གཙོའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཞུགས། གཟེངས་སུ་ཐོན་པའི་ཞིང་པ་ཁག་ཅིག་ལ་ནང་སྲིད་ལས་ཁུངས་ཀྱི་གཟེངས་བསྟོད་ལག་འཁྱེར་ཐོབ། ཀོ་ལི་གྷལ་དོན་ལྡན་གླིང་གི་གཞིས་འགོ་དགེ་ལེགས་འབྱུང་གནས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱངས་དང་གཞིས་ཆགས་སུ་ནད་ཡམས་ཀྱིས་རྐྱེན་པས་སྒོ་རྒྱ་བསྡམས་ཡོད། བདུན་ཕྲག་གཉིས་ཀྱི་རྗེས་སུ་བཀག་སྡོམ་གློད་ནས་ཚོད་ལྟ་བྱ་རྒྱུ་ཡིན་པར་མ་ཟད། གཞིས་ཆགས་ཀྱི་རྒྱ་དཔོན་ཚོས་འགན་ཁུར་ཏེ་མང་ཚོགས་ལ་ནད་དུག་སྔོན་འགོག་གི་བྱེད་སྒོ་ཁག་འཐུས་ཤོར་མེད་པར་བསྒྲུབ་དགོས་པའི་འབོད་སྐུལ་ཞུས་འདུག ད་ལོའི་དམངས་གཙོའི་དུས་ཆེན་ལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་མཉམ་ཞུགས་བྱེད་ཐུབ་མེད་པ་དང་སྤྱི་འཐུས་ལྷན་ཁང་གི་ཡོངས་ཁྱབ་གསུང་འཕྲིན་མེད་པ་ཐེངས་དང་པོར་གྱུར་ཡོད་པ་ནི་ཧ་ཅང་གི་ཐབས་རྡུགས་ཤིག་རེད་ཅེས་མི་དམངས་ལ་བློ་ཕམ་ཡོང་གི་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG