ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ནང་གི་ལ་གཞས་ལེན་མཁན་མིང་གྲགས་ཅན་འགའ་འཛིན་བཟུང་།


༄༅།། བོད་ནང་གི་སྲོལ་རྒྱུན་ལ་གཞས་ལེན་མཁན་མིང་གྲགས་ཅན་ཁག་ཅིག་གིས་རྒྱན་ཤོག་གི་རྩེད་མོ་བཀོད་སྒྲིག་བྱས་ནས་རྒྱན་ཤོག་དཀྲུག་འདོན་བྱེད་བཞིན་པའི་སྐབས་སུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢་ཉིན་བོད་ནང་གི་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་དོན་ལྟར་ན། དེང་སྐབས་བོད་ནང་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་རྒྱ་སྐད་དུ་ཁཱེ་ཧྲུག་དང་བོད་སྐད་ལ་མགྱོགས་འཕྲིན་ཞེས་འབོད་པའི་འཕྲིན་སྟེགས་སུ་རྒྱན་རྩེད་བཀོད་སྒྲིག་བྱས་པའི་རྐྱེན་གྱིས་བོད་ནང་གི་སྲོལ་རྒྱུན་ལ་གཞས་ལེན་མཁན་མིང་གྲགས་ཅན་ཁག་ཅིག་འཛིན་བཟུང་བྱས་སོང་ཞེས་མིང་བརྗོད་འདོད་མེད་པའི་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག མི་དེས་མདོ་སྨད་མཚོ་སྔོན་དང་ཀན་ལྷོ་བཅས་ཀྱི་ལ་གཞས་ལེན་མཁན་ཁག་ཅིག་གིས་སྣེ་ཁྲིད་འོག་མགྱོགས་འཕྲིན་གྱི་འཕྲིན་སྟེགས་སུ་མི་རེའི་ལག་ནས་རྒྱ་སྒོར་བརྒྱ་རེའི་བསྡུས་ནས་རྒྱན་རྩེད་ཀྱི་བྱ་དགའ་ཨང་རིམ་མ་འདྲ་བ་མང་པོ་ཡོད་པ་ཞིག་བཀོད་སྒྲིག་བྱས་ཤིང་། ཕྱི་ཟླ་༨་པའི་ཚེས་༣༡་གི་དགོང་མོར་མགོ་ལོག་གི་ས་གནས་ཤིག་ཏུ་རྒྱན་ཤོག་དཀྲུག་འདོན་བྱེད་འབྱེད་བཞིན་པའི་སྐབས་སུ་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པ་ས་གནས་སུ་འབྱོར་ནས་མིང་གྲགས་ཅན་གྱི་གླུ་བ་འཁྱགས་སྐོར་གནམ་ཁོ་གཙོས་དྲྭ་མིང་ལ་ཡ་མན་ཏ་ཀ་དང་མིང་དངོས་ལ་ཤ་སྦྲང་ཚེ་བརྟན་ཟེར་བ་སོགས་སྲོལ་རྒྱུན་ཀྱི་ལ་གཞས་ལེན་མཁན་མིང་གྲགས་ཅན་ཁག་ཅིག་འཛིན་བཟུང་བྱས་ནས་ཉེན་རྟོག་ཁང་དུ་ཁྲིད་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་གཞུང་གི་ཁྲིམས་སྒྲིག་ཧ་ཅང་བཙན་པོ་རེད། ཁྱད་པར་དུ་བོད་ཀྱི་གླུ་བ་གླུ་མ་དང་གཏམ་བཤད་མཁན། མི་མང་གྲགས་ཅན་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དེ་བས་ཀྱང་དམ་དྲག་ཆེན་པོ་བྱེད་ཀྱི་འདུག ད་ཐེངས་འཛིན་བཟུང་བྱས་པའི་གླུ་བ་གླུ་མ་ཚོར་རྟག་ཏུ་མགྱོགས་འཕྲིན་གྱི་ལམ་ནས་མང་ཚོགས་ཀྱིས་ལྟ་ཉན་དང་དོ་སྣང་བྱེད་ཀྱི་ཡོད་པ་རེད། ཁོང་ཚོ་བརྒྱུད་ནས་མང་ཚོགས་ཀྱང་རྒྱན་རྩེད་ལ་མཉམ་ཞུགས་བྱེད་ཀྱི་འདུག གླུ་བ་གླུ་མ་དེ་རྣམས་འཛིན་བཟུང་སྐབས་སུ་ཉེན་རྟོག་པས་རྒྱན་ཤོག་གི་རིགས་རྩེད་མི་ཆོག དེ་ནི་ཁྲིམས་མཐུན་མིན་པ་དང་རྒྱན་ཤོག་མང་པོ་བསྡུ་རུབ་ཀྱིས་མང་ཚོགས་ལ་མགོ་སྐོར་གཏོང་གི་ཡོད་ལུགས་བརྗོད་ནས་འཛིན་བཟུང་བྱས་བ་རེད། དོན་དངོས་སུ་མགྱོགས་འཕྲིན་ཞེས་བའི་འཕྲིན་སྟེགས་དེ་དར་ཁྱབ་བྱུང་ནས་བཟུང་སྟེ་རྒྱན་ཤོག་གི་རྩེད་མོ་བཀོད་སྒྲིག་བྱེད་མཁན་བོད་ཁམས་ཡོངས་སུ་མང་པོ་འབྱུང་འདུག རྒྱན་གྱི་ཨང་རིམ་ལྟར་རླངས་འཁོར་གསར་པའམ། ཡང་ན་ལག་བརྒྱུད་རླངས་འཁོར་འགའ་རེ། འཕྲུལ་རྟ་གསར་པ་དང་བོད་ལུགས་གྱོན་ཆས་ཀྱི་རིགས། དངུལ་སྒོར་གྲངས་ཚད་མ་འདྲ་བ་བཅས་སོགས་སྤྲོད་ཀྱི་འདུག རྒྱན་རྩེད་ཀྱི་རིགས་འགའ་རེ་ནི་དྲང་བདེན་མིན་པའང་འབྱུང་གི་ཡོད་པ་གོ་ཐོས་སོང་། རྒྱན་ཤོག་ནང་དུ་ཞུགས་རྒྱུ་ཡིན་མིན་ནི་མང་ཚོགས་ཀྱི་རང་དབང་ཡིན་པ་དང་བཙན་དབང་གིས་རྒྱན་རྩེད་རྩེ་དགོས་ཟེར་མཁན་གཏན་ནས་མི་འདུག་ཅེས་བཤད་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG