ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་བོད་པ་ཚོར་མཐོང་ཆུང་དང་དབྱེ་འབྱེད།


༄༅།། བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་དང་མཚོ་སྔོན་གྱི་ས་ཁུལ་ཁག སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་གསེར་རྟ་དང་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་བོད་ས་ཁག་གི་བོད་པ་མི་སྐྱ་ཕོ་མོ་མང་པོ་ཞིག་རྒྱ་ནག་གི་ཡེ་ཝོ་གྲོང་ཁྱེར་དང་ཀོང་ཀྲུག ཀྲེ་ཅང་དང་ནན་ཅིན། ཏོན་ཀུན་བཅས་ཀྱི་བཟོ་གྲྭ་དང་ལས་གྲྭ་ཁག་ཏུ་ཞོར་ལས་ལ་སོང་སྟེ་ངལ་རྩོལ་རྒྱུག་གི་ཡོད་ཀྱང་ལོ་འདིའི་སྤྱི་ཟླ་༡༡་པའི་ཚེས་༤་ཡས་མས་ནས་བོད་པ་ལས་རྩོལ་བ་ཚོར་དཀའ་ངལ་ཞིག་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག

དེ་ཡང་མིང་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བོད་པ་ཚོར་རྒྱ་ཡིག་རྒྱ་སྐད་བྱང་ཆ་མེད་པའི་རྐྱེན་གྱིས་བཟོ་གྲྭ་དང་ལས་གྲྭ་ཁག་ཏུ་བོད་པ་ཚོ་ནི་གླེན་པ་ཟོག་འདྲ་བ་ཞིག་རེད་ཅེས་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་ཡོད་པར་མ་ཟད་། དྲྭ་ལམ་དུ་ལས་རྩོལ་བ་བསྡུ་བའི་སྐབས་སུ་ཁང་གླ་དང་ཟ་མའི་རིན་པ་དོ་བདག་གིས་སྤྲོད་མི་དགོས་ཞེས་འཁོད་ཀྱང་དངོས་སུ་བཟོ་གྲྭའི་ནང་དུ་འབྱོར་དུས་དངུལ་སྒོར་སྤྲོད་དགོས་ཀྱིན་འདུག ཉིན་རེར་ལས་ཡུན་ཆུ་ཚོད་༡༡་ཡིན་པ་དང་ཆུ་ཚོད་རེར་བོད་པ་ཚོར་རྒྱ་སྒོར་༡༦་ལས་སྟེར་གྱིན་མི་འདུག རྒྱ་ནག་པ་ཚོར་རྒྱ་སྒོར་༢༠་སྤྲད་ནས་དབྱེ་འབྱེད་བྱེད་གི་འདུག ད་ལྟའི་ཆར་བོད་པ་ཕལ་ཆེ་བ་ལས་གྲྭ་ཁག་ནས་ཕྱིར་ཕུད་བཏང་སྟེ་མི་ཁག་ཅིག་ཕ་ཡུལ་ལ་ཕྱིར་ལོག་བྱེད་ཀྱི་འདུག མི་ཁག་ཅིག་ལ་དངུལ་སྒོར་མེད་པར་ཉིན་ལྔ་དྲུག་ལ་ཁང་པ་འདུག་ས་དང་བཟའ་བཏུང་མ་རག་པར་དཀའ་ངལ་འཕྲད་བཞིན་འདུག བོད་པ་དང་ཞིན་ཅང་གི་ཡུ་གུར་བ། སི་ཁྲོན་གྱི་དབྱི་རིགས་བཅས་ནི་གྲངས་ཉུང་མི་རིགས་ཡིན་པས་རྒྱ་ནག་གི་ནང་ཁུལ་དུ་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་ཀྱིན་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་སོང་།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པ་ལྟར་ན། རྒྱ་ནག་གི་ནན་ཅིན་གྲོང་ཁྱེར་གྱི་ལྗང་མདོག་ཚན་རྩལ་ཚད་ཡོད་འགན་ལེན་བཟོ་ཚོང་ཁང་གི་ལས་རྩོལ་བ་སྟེ། ཕ་ཡུལ་མཚོ་སྔོན་མགོ་ལོག་གཅིག་སྒྲིལ་རྫོང་གི་བོད་པ་གཞོན་སྐྱེས་ཞིག་ལ་བཟོ་གྲྭའི་ནང་དུ་མཐོང་ཆུང་བརྙས་བཅོས་དང་རྡུང་རྡེག་བཏང་སྟེ་བཟོ་གྲྭ་ནས་ཕྱིར་ཕུད་བཏང་ཞིང་། གོང་གི་ས་གནས་ཁག་ནི་གློག་ཀླད་ཀྱི་རིགས་དང་ཅ་དངོས་ཀྱི་རིགས་སོགས་བཟོ་སའི་བཟོ་གྲྭ་མང་པོ་ཡོད་པའི་བཟོ་གྲྭ་རེ་ཟུང་གི་ནང་དུ་བོད་པ་ལས་རྩོལ་བ་བརྒྱ་ལྷག་ཡོད་པ་དེ་འདྲ་ཡང་འདུག ད་ལྟ་བོད་པ་ཕལ་ཆེ་བ་ཕྱིར་ཕུད་བཏང་ཚར་ཟིན་པ་དང་རྒྱ་ནག་གི་ཁྲིམས་ལུགས་སུ་མི་རིགས་འདྲ་མཉམ་ཡིན་ཟེར། འོན་ཀྱང་དེང་སྐབས་མི་རིགས་དབྱེ་འབྱེད་དང་བོད་པ་ཞིག་རྒྱ་ནག་ལ་ཞོར་ལས་བྱེད་དུ་སོང་ན་ཟླ་ཤས་རིང་སྦྱིན་བདག་གིས་གླ་ཕོགས་གང་ཡང་མ་སྤྲད་པར་ལུས་ཡོད་པའི་གནས་ཚུལ་ཞིག་འབྱུང་གི་འདུག་ཅེས་བརྗོད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བལ་ཡུལ་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG