ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱེས་ཀྱི་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།


༄༅།། དེ་རིང་ཕྱི་ཟླ་༤་པའི་ཚེས་༢༦་ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་༣༢་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་ཅིང་། ད་ལོའི་འཁྲུངས་སྐར་ཉིན་མོའི་སྐུ་མགྲོན་གཙོ་བོར་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གྲྭ་ཚང་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་ལྷོ་སྤྱི་ཐུབ་བསྟན་ཚེ་རིང་། ས་གནས་གཞིས་འགོ དེ་བཞིན་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་མང་ཚོགས་ཀྱི་སྐུ་ཚབ་སྟེ། གྲོང་སྡེ་ཁག་གི་སྤྱི་མི་རྣམས་དང་གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་བཅས་མཉམ་ཞུགས་གནང་ཡོད་པ་རེད།།

ཐོག་མར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་ལ་བསང་གསོལ་དང་དར་ཆེན་བཙུགས་པའི་རྗེས་སུ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་མདུན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲིར་མངའ་གསོལ། སྐུ་མགྲོན་རྣམ་པས་མཎྜྲལ་རྟེན་གསུམ་འདེགས་འབུལ་དང་སྐུ་མགྲོན་གཙོ་བོ་སེ་ར་བྱེས་སྨད་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད། དགེ་འདུན་འདུས་དམངས་ཀྱིས་རྒྱལ་མཆོག་ཡབ་སྲས་ཀྱི་ཞབས་བརྟན་གསོལ་འདེབས་གསུངས་ནས་འཁྲུངས་སྐར་ཀྱི་མངར་ཟས་འདེགས་འབུལ། གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེས་གདན་ས་བཀྲ་ཤིས་ལྷུན་པོའི་བླ་སྤྱི་ལྷན་ཁང་དང་པཎ་ཆེན་ཨིར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གཉིས་ཀྱིས་སྤེལ་བའི་འཁྲུངས་སྐར་གྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང། གསུང་འཕྲིན་དེར་སྤྱི་ལོ་༡༩༩༥་ལོར་རྒྱ་ནག་གཞུང་གིས་དགུང་ལོ་༦་ལ་ཕེབས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་ཡབ་ཡུམ་སྐུ་འཁོར། བྱ་བྲལ་རིན་པོ་ཆེ་བཅས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ལོ་༢༦་གི་རིང་དུ་གར་ཡོད་གནས་སྟངས་ཆ་མེད་དུ་གྱུར་པ། ལྷག་པར་དུ་དེང་སྐབས་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཀྱིས་སྐྱེ་བོ་འབུམ་ཕྲག་མང་པོའི་ཚེ་སྲོག་འཆོར་བཞིན་ཡོད་པའི་གནས་སྟངས་འོག་ཁོང་རྣམ་པའི་སྐུ་ཕྱཱའི་གནས་སྟངས་ལ་དེ་བས་ཀྱང་བློ་ཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་ཁོང་རྣམས་གང་མྱུར་གློད་གྲོལ་བཏང་སྟེ་སྐུ་འཚོ་བཞུགས་ཡོད་པ་འཛམ་གླིང་མི་མང་ལ་སྟོན་དགོས་ཞེས་རེ་བ་བཏོན།།

སྐུ་མགྲོན་གཙོ་བོ་སེར་སྨད་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་གིས་འཁྲུངས་སྐར་གྱི་གསུང་བཤད་ནང་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་སུ་ལས་འགུལ་སྤེལ་རྒྱུ་ནི་བོད་མི་ཡོངས་ཀྱི་ཕྲག་པར་བབས་པའི་ལས་འགན་ཞིག་ཡིན་པར་མ་ཟད། དེ་རིང་གི་འཁྲུངས་སྐར་དེ་ནི་དགའ་སྐྱོ་གཉིས་ལྡན་ཞིག་ཡིན་པ་དང་གལ་གནད་ཆེ་ཤོས་དེ་ང་ཚོས་ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་པ་མང་པོ་ཞིག་ཡོད་པ་དེ་དག་མཇུག་སྐྱོང་བྱ་དགོས། དེའི་ནང་ནས་ཀྱང་བོད་མི་རིགས་འདི་གཅིག་གྱུར་དང་གཅིག་གྱུར་གྱི་ནུས་པ་འདོན་རྒྱུའི་དགོངས་གཞི་དེ་ངེས་པར་དུ་བསྒྲུབ་དགོས་ཞེས་གསུངས། སེར་ར་བྱེས་ཀྱི་མཁན་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེས་ཀྱང་ང་ཚོས་དེ་རིང་གི་འཁྲུངས་སྐར་ཙམ་མ་ཡིན་པར་རྟག་ཏུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་དགོངས་པ་དང་ལམ་སྟོན་རྣམས་སེམས་ལ་བཅངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཚུལ་བཞིན་བསྒྲུབ་རྒྱུ་དང་ཆོལ་གསུམ་གཅིག་སྒྲིལ་གྱི་ནུས་པ་འདོན་རྒྱུའི་དགོངས་པ་དེ་བསྒྲུབ་དགོས་ཞེས་གསུངས།།


XS
SM
MD
LG