ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

གཟའ་འཁོར་སྔོན་མར་བོད་པ་བཙན་བྱོལ་བ་༢༦༠་ལ་ནད་དུག་འགོས་པ།


༄༅།། ཕྱི་ཟླ་༤་པའི་ཚེས་༢༢་ཉིན་རྒྱ་གར་རྒྱལ་ཡོངས་སུ་མི་འབུམ་༣༡༤༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས། དེ་རིང་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་བཤད་པ་ལྟར་ན། འདས་པའི་བདུན་ཕྲག་དེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༦༠་བྱུང་ཡོད་ཅིང་། འདི་ནི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ནས་བཟུང་སྟེ་བོད་པ་བཙོན་བྱོལ་བའི་སྤྱི་ཚོགས་སུ་བདུན་ཕྲག་གཅིག་ལ་ནད་པ་མང་ཤོས་བྱུང་བའི་ཛ་དྲག་གི་དུས་སྐབས་ཤིག་ཡིན་འདུག

ད་ལྟའི་གནས་སྐབས་སུ་རྒྱ་གར་གྱི་བོད་པ་བཙོན་བྱོལ་བ་གནས་འཁོད་ས་ཁུལ་གང་སར་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་གྱི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་ནད་པ་མང་ཤོས་ཐོན་ས་ནི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ཡིན་ཞིང་། ཌེ་ར་རྡུན་ས་གནས་འགོ་འཛིན་ནོར་བུ་ལགས་སུ་ཞལ་པར་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱས་པར་བདེ་སྐྱིད་གླིང་གཞིས་ཆགས་སུ་ནད་པ་༡༧༧་བྱུང་ཡོད་པའི་མང་ཆེ་བ་ཛ་དྲག་དང་སྡུག་པོ་མི་འདུག ས་གནས་ཀྱི་སྨན་པ་གཙོས་སྨན་ཞབས་པ་དང་བརྒྱ་དཔོན། བཅུ་དཔོན་བཅས་པ་ཚང་མས་ཕྱར་གྲུ་མཉམ་འདེགས། ད་དུང་ས་སྐྱའི་བདག་མོ་བཅས་ཀྱིས་ཕྱག་རོགས་གང་ལེགས་གནང་བཞིན་འདུག ད་ལྟའི་དུས་སྐབས་སུ་དཀའ་ངལ་ཆེ་ཤོས་ནི་ནད་པ་མང་དྲགས་པའི་རྐྱེན་གྱིས་སྨན་ཞབས་པ་ཚོར་ནད་དུག་འགོ་ཡི་ཡོད་པར་མ་ཟད། ནད་པར་ལྟ་རྟོག་གི་ཕྱག་ལས་ཚད་ལས་བརྒལ་བ་ཞིག་བསྒྲུབ་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་འདུག

བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་ཆེ་ཤོས་ཤིག་ནི་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཡིན་ཞིང་། གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་སུ་ཞལ་པར་བརྒྱུད་ནས་བཅར་འདྲི་ཞུས་པར་ཝ་ཎ་མཐོ་སློབ་ཏུ་ཏོག་དབྱིབས་ནད་དུག་ཐེངས་དང་པོར་ཁྱབ་བརྡལ་སྐབས་སུ་དཀའ་ངལ་དེ་ཙམ་འཕྲད་མ་བྱུང་། ད་ལྟ་གློ་བུར་དུ་ནད་ཡམས་ཁྱབ་གདལ་ཐེངས་གཉིས་པ་བྱུང་སྟེ་ཛ་དྲག་ཆེ་ཙམ་བྱུང་སོང་། ས་གནས་སུ་ཆམ་ནད་བསླེབས་པའི་དུས་སྐབས་ཤིག་ཡིན་པ་དང་ཚོད་དཔག་མ་ཐུབ་པ་སོགས་ཀྱི་འཐུས་ཤོར་བྱུང་ཙམ་ཕྱིན་འདུག ཉེ་ཆར་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཆེ་རུ་སོང་སྟེ་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་༣་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་སོང་། འོན་ཀྱང་ད་ལྟའི་གནས་སྐབས་སུ་འབྲེལ་ཡོད་སློབ་ཟུར་དང་མཁས་པ་བཅས་པར་དྲྭ་ལམ་དུ་གོ་སྡུར་ཞུས་ནས་ས་གནས་སུ་ཕྱིའི་མཐུན་རྐྱེན་གྱི་ཆ་རྐྱེན་འཐུས་ཚང་ཡོད་པར་མ་ཟད། ནད་པ་ཚོར་ཕྱི་ལུགས་དང་བོད་ལུགས་གཉིས་ཀའི་སྨན་བཅོས་བྱས་ནས་དྲག་སྐྱེད་འབྱུང་བཞིན་ཡོད། སློབ་གཉེར་ཁང་གི་ཆགས་ཡུལ་དེར་བརྟག་དཔྱད་དུས་ཐོག་ཏུ་བྱེད་ཐུབ་ཀྱི་མེད་པ་ནི་དཀའ་ངལ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག

འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་འགྲེལ་བརྗོད་གནང་བར་གཞིགས་ན། ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བའི་ཁོངས་སུ་རྒྱ་བལ་འབྲུག་གསུམ་དུ་བོད་པ་༢༡༣༢་ལ་ཏོག་དབྱིབས་ཀྱི་ནད་དུག་འགོད་པ་དང་མི་༥༠་ཐམ་པར་འཆི་སྐྱོན། སྨན་བཅོས་བྱེད་བཞིན་པ་༣༩༠་ཡོད་ཅེས་བསྒྲགས། ད་དུང་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུའང་ཛ་དྲག་ཆེ་རུ་ཕྱིན་ཏེ་ཀང་རའི་རྫོང་དཔོན་གྱིས་དགོང་མོའི་ཆུ་ཚོད་༩་པ་ནས་ཞོགས་པའི་ཆུ་ཚོད་༦་པའི་བར་དུ་འགྲོ་འོང་བཀག་སྡོམ། གཟའ་མཇུག་གི་དུས་སུ་ལས་དོན་ཛ་དྲག་མིན་ན་ཕྱི་ལ་བསྐྱོད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG