ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལ་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་མཚོ་རླབས་ལྟར་འཕྱུར་བ། 


༄༅།། རྒྱ་གར་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་སྟེ་སྨན་ཁང་ཁག་ཏུ་ནད་པ་བསྙལ་ས་མེད་པ་དང་སྨན་པ་དང་སྨན་ཞབས་པ་ཚོས་ནད་པར་བལྟ་མི་ཐུབ་པ། དུར་ས་ཁག་ཏུ་འདས་པོ་རྣམས་ལ་དུར་ཁུང་འབྲུ་ས་མེད་པའི་དཀའ་ངལ། མི་མང་གིས་སྤྱི་ཚོགས་འབྲེལ་མཐུད་དུ་དྲྭ་ལམ་བརྒྱུད་ནས་སྨན་ཁང་ཁག་ཏུ་ཉལ་ས་ཡོད་མེད་དང་སྨན་སོགས་ཀྱི་རོགས་རམ་འཚོལ་དགོས་པའི་གནས་སུ་ལྷུང་། འདས་པའི་ཉིན་ཞག་གཅིག་གི་རིང་ལ་རྒྱ་གར་རྒྱལ་ཡོངས་སུ་མི་༢༩༥༠༤༡་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༢༠༢༣་ལ་འཆི་སྐྱོན་བྱུང་བ། རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ནི་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་སྟེ་གཏན་ནས་བྱུང་མྱོང་མེད་པའི་གྲངས་འབོར་ཆེས་མཐོ་ཤོས་སུ་གྱུར་སོང་ཞེས་བསྒྲགས། མུམ་བྷེ་གྲོང་ཁྱེར་གྱི་ལི་ལ་ཝྭ་ཏི་སྨན་ཁང་གི་སྨན་པ་ཇཱ་ལིལ་པར་ཀར་གྱིས་ནད་པ་མང་དྲགས་ཏེ་གླགས་ཁེལ་གྱི་མི་འདུག ང་ཚོས་སྨན་ཁང་གི་བར་ཤུར་ཁག་དང་ནད་པ་སྒུག་ས་བཅས་སུ་ཉལ་ཁྲི་བརྒྱབ་ནས་ནད་པ་རྣམས་སྙལ་གྱི་ཡོད། ནད་ཡམས་ཁྱབ་གདལ་ཐེངས་གཉིས་པ་འདི་མཚོ་རླབས་འཕྱུར་བ་ལྟར་འབྱུང་གི་འདུག་ཅེས་བཤད། རྒྱལ་ས་ལྡི་ལིའི་ནད་རིགས་བརྟག་དཔྱད་དང་དཔལ་འབྱོར། སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ལཀ་ཤི་མཱི་ན་ར་ཡན་གྱིས་ཕྱོགས་གང་ཐད་དུ་སྟངས་འཛིན་བྱེད་མི་ཐུབ་པའི་ཚད་དེར་ལྷུང་གི་འདུག ནད་པ་ཚོར་འཚོ་རླུང་དང་སྨན་ཁང་དུ་ཉལ་ས་སོགས་ཧ་ཅང་རག་དཀའ་བ་དང་དུས་ཡུན་བདུན་ཕྲག་གཅིག་ལྷག་ལ་སྒུག་དགོས་ཀྱི་འདུག ཡུན་རིང་མི་འགོར་པར་རྒྱ་གར་གྱི་འཕྲོད་བསྟེན་ལམ་ལུགས་སྦོ་ལུག་ས་རེད་ཅེས་ཉེན་བརྡ་བཏང་འདུག

རྒྱལ་ས་ལྡི་ལིར་དུས་སྦས་བྱེད་བཞིན་པ།
རྒྱལ་ས་ལྡི་ལིར་དུས་སྦས་བྱེད་བཞིན་པ།

བདུན་ཕྲག་འདིའི་གཟའ་ཟླ་བ་ནས་རྒྱལ་ས་ལྡི་ལི་གྲོང་ཁྱེར་དུ་འགྲོ་འོང་བཀག་སྡོམ་བྱ་རྒྱུ་འགོ་ཚུགས། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གྱིས་རྒྱལ་ས་ལྡི་ལིར་ཆག་སྒོ་ཆེན་པོ་ཞིག་འབྱུང་ཉེན་ཆེ། ང་ཚོས་ལྡི་ལིའི་སྨན་ཁང་ཁག་གི་བར་ཤུར་དུ་ནད་པ་བསྙལ་མི་དགོས་པ་དང་མི་རྣམས་རྒྱ་ལམ་ཟུར་དུ་འཆི་མི་དགོས་པ་ཞིག་ལ་འབད་བརྩོན་བྱ་དགོས་ཞེས་ནན་བརྗོད་བྱས་པར་མ་ཟད། ཁ་སང་གཟའ་མིག་དམར་ཉིན་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གྱིས་རྒྱལ་སའི་སྨན་ཁང་ཁག་ལ་ཆུ་ཚོད་འགའ་ཞིག་ལ་འདང་བའི་འཚོ་རླུང་ལས་མི་འདུག་ཅེས་བཤད། ལྡི་ལིའི་གྲོང་ཁྱེར་གཞུང་གིས་རྩེད་ཐང་ཁག་དང་ཚོགས་ཁང་། མགྲོན་ཁང་དང་སློབ་གྲྭ་སོགས་སྨན་བཅོས་ཁང་ལ་བསྒྱུར་ཏེ་ཉིན་ཤས་ནང་ཚུད་དུ་ཉལ་ས་༦༠༠༠་ལྷག་གསར་དུ་བཀོད་སྒྲིག་བྱེད་ཐུབ་རྒྱུའི་དམིགས་ཚད་བཟུང་། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གྱིས་ང་ཚོའི་འཕྲོད་བསྟེན་ལམ་ལུགས་རྦད་དེ་སྦོ་ལུག་མེད་ཀྱང་སྣ་མི་བརྟན་པའི་མཚམས་སུ་ལྷུང་གི་འདུག སྨན་བཅོས་ཀྱི་ལམ་ལུགས་དང་མཐུན་རྐྱེན་གང་འདྲ་ཞིག་ཡོད་ཀྱང་ནད་པར་བལྟ་མི་ཐུབ་པའི་ཚད་ཅིག་ལོས་ཡོད་ཅེས་བཤད། ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་སྨན་དང་དབུགས་གཏོང་འཕྲུལ་ཆས། ནད་པ་ཉལ་ས་དང་སྨན་ཁང་གི་ཡོ་བྱད་སོགས་འདང་ངེས་མེད་པའི་དཀའ་ངལ་ཇེ་ཆེར་སོང་། སྲིད་བློན་མོ་དྷིས་འཚོ་རླུང་ལྕགས་མདོང་༡༠༠༠༠༠་རྒྱལ་ཡོངས་སུ་བགོ་འགྲེམ་བྱ་དགོས། བཟོ་གྲྭ་ཁག་གིས་འཚོ་རླུང་བཟོ་འདོན་བྱ་དགོས་པ་དང་སྨན་ཁང་ཚང་མ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྨན་བཅོས་བྱ་ཡུལ་དུ་བསྒྱུར་དགོས། རྒྱ་གར་གྱི་ས་གནས་ཁག་གིས་མི་མང་ལ་འགོག་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པ་དང་སྨན་ཁབ་བཟོ་སྐྲུན་ཇེ་མང་དུ་གཏོང་དགོས་ཞེས་བཀོད་ཁྱབ་བཏང་མོད། འཕྲོད་བསྟེན་ལས་སྣེ་ཚོ་དང་ཉམས་ཞིབ་པ་ཚོས་རྒྱ་གར་གཞུང་གིས་གཟབ་ནན་བྱ་རྒྱུ་འཕྱི་དྲགས་པ་དང་དབུས་གཞུང་གིས་སྨན་ཁང་ཁག་ལ་དགོས་ངེས་ཀྱི་མཐུན་རྐྱེན་མཁོ་སྒྲུབ་བྱེད་པའི་བར་དུ་མི་གྲངས་འབུམ་ཕྲག་མང་པོར་འཆི་སྐྱོན་དང་ནད་མནར་འབྱུང་རྒྱུའི་ཉེན་ཁ་འདུག་ཅེས་བསྟན།།

ཨ་ནིལ་ཐི་ཝ་རི་ཞེས་པ་ནི་རྒྱ་གར་གྱི་མུམ་བྷེ་གྲོང་ཁྱེར་གྱི་ཡུལ་མི་ཞིག་ཡིན་ཞིང་། ན་ནིང་ཕྱི་ཟླ་༡༡་པར་མི་དེའི་ཨ་ཕ་ཏོག་དབྱིབས་ནད་དུག་གིས་གྲོངས། བདུན་ཕྲག་སྔོན་མར་མི་དེའི་ཨ་མ་ལོ་༥༨་ལ་སོན་པ་ཡོད་པ་དེར་ཏོག་དབྱིབས་ནད་དུག་འགོས། མི་དེའི་ཨ་མ་སྨན་ཁང་དུ་ཚུད་ཀྱང་ཛ་དྲག་གི་མྱུར་སྐྱོབ་སྡེ་ཚན་དུ་ཉལ་ས་མ་རག་པར་ལུས། ཐི་ཝ་རིས་ངའི་ཨ་མ་འཆི་གྲབས་ཡོད་པ་དང་ཛ་དྲག་གི་མྱུར་སྐྱོབ་སྡེ་ཚན་དུ་ཉལ་ས་ཞིག་དགོས་གལ་ཆེ། ང་ལ་འཇིག་རྟེན་འདིར་ཡོད་ཚད་ཐམས་ཅད་ཨ་མ་ཡིན། ངའི་ཨ་མར་ཛ་དྲག་གི་མྱུར་སྐྱོབ་སྨན་ཁང་ཞིག་ཏུ་ཉལ་ས་ཞིག་དགོས་ཀྱིན་འདུག སྨན་ཁང་གང་དུ་ཡོད་ཀྱང་རོགས་སྐྱོར་གནང་རོགས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཁོ་པས་གྲོང་སྡེ་ལས་ཁུངས་ཁག་ལ་ཁ་པར་བཏང་བ་སོགས་འབད་བརྩོན་བྱས་པའི་རྗེས་སུ་ཨ་མ་དེར་ཛ་དྲག་གི་མྱུར་སྐྱོབ་སྨན་ཁང་ཞིག་ཏུ་ཉལ་ས་རག་ཀྱང་འཚོ་རླུང་རྒྱག་རྒྱུ་མེད་པའི་དཀའ་ངལ་འཕྲད། རྒྱ་གར་ལ་སྨན་དང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཀྱི་དགོས་མཁོ་ཇེ་མང་དུ་སོང་སྟེ་གནས་སྐབས་ཤིག་ལ་རྒྱ་གར་གཞུང་གིས་སྨན་ཁབ་རྣམས་ཕྱིའི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱ་རྒྱུ་མཚམས་བཞག རྒྱ་གར་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཆོག་མཆན་བཀོད་མེད་པའི་སྨན་ཞིག་ཀྱང་ཛ་དྲག་གིས་བཀོལ་སྤྱོད་བྱེད་དུ་བཅུག ནད་པ་མང་དག་ཅིག་ལ་དབུགས་གཏོང་འཕྲུལ་ཆས་མ་འདང་བ་དང་སྨན་ཁང་དུ་མ་ཚུད་པར་འཆི་སྐྱོན་འབྱུང་རྒྱུ་ཇེ་མང་དུ་སོང་། ལོ་ན་༢༠་ལ་སོན་པའི་རྒྱ་གར་བ་སློབ་ཆེན་སློབ་ཕྲུག་ཨ་བྷི་ཇི་ཏ་ཀུ་མར་ཞེས་པ་ཞིག་གིས་ལོ་ན་༥༡་ལ་སོན་པའི་ཨ་ཁུ་དེར་སྨན་བཅོས་བྱེད་པར་དྲྭ་ལམ་དུ་དངུལ་སྒོར་ཞལ་འདེབས་སློང་། ཕོ་གསར་དེའི་ཨ་ཁུ་བདུན་ཕྲག་སྔོན་མ་ནས་ར་ཡེ་པུར་ས་གནས་ཀྱི་སྨན་ཁང་ཞིག་ཏུ་ཚུད་ཀྱང་རཱེམ་ཌེ་སི་ཝྭིར་སྨན་ཁབ་གཅིག་ལ་ཨ་སྒོར་༡༦༠་ནས་༢༠༠་ཙམ་སྤྲོད་དགོས་པས་སྨན་ཁབ་དེ་ཧ་ཅང་གི་རིན་གོང་ཆེ་དྲགས་འདུག ངའི་ཨ་ཁུ་ལ་འགོག་ཁབ་སྨན་ཐུན་གཉིས་བརྒྱབ་ཟིན་ཡང་སྨན་ཐུན་གསུམ་པའི་འགོག་ཁབ་ཅིག་རྒྱག་དགོས་པས་འགྲོ་གྲོན་མི་འདུག་ཅེས་དཀའ་ངལ་གླེང་།།

རྒྱ་གར་གཞུང་གི་བཀོད་ཁྱབ་ལྟར་རཱེམ་ཌེ་སི་ཝྭིར་སྨན་ཁབ་བཟོ་གྲྭ་ཆེ་ཁག་བདུན་གྱིས་སྨན་ཁབ་དེའི་རིན་གོང་ཨ་སྒོར་༡༢་ནས་༤༧་བར་དུ་བཅག རྒྱ་གར་གྱི་མངའ་སྡེ་མང་ཆེ་བར་སྨན་ཁབ་ཉུང་དྲགས་པ་དང་དགོས་མཁོ་ཇེ་མང་དུ་སོང་སྟེ་སྨན་ཁབ་དེ་ནག་ཚོང་བརྒྱབ་ནས་རིན་གོང་གནམ་ལ་འཕར། མུམ་བྷེ་གྲོང་ཁྱེར་གྱི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ་ཚོས་ཀྱང་རང་གི་བཟའ་ཟླ་བུ་ཕྲུག་དང་ཕ་མ་སོགས་སྨན་ཁང་ནང་དུ་བསྙལ་ས་བཀོད་སྒྲིག་བྱེད་མི་ཐུབ་པའི་ས་མཚམས་སུ་བསླེབས། ལཀ་ཤི་མན་ན་ར་ཡན་གྱིས་མི་ཚང་མར་ནད་དུག་འགོས་ནས་རང་གི་ལས་རོགས་དང་ལས་རོགས་ཚོའི་ཕ་མ། གཉེན་ཚན་རྣམས་ཀྱང་བསྙལ་ས་མི་རྙེད་པར་གྱུར་འདུག རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་འབྱུང་དགོས་པའི་ལན་ཁག་གཙོ་བོ་ནི་དབུས་གཞུང་གིས་འཐུས་ཤོར་བཏང་བའི་ཉེར་ལེན་རེད། ན་ནིང་དགུན་ཁར་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་དང་པོ་བྱུང་བའི་རྗེས་སུ་དབུས་གཞུང་གིས་དོགས་ཟོན་མ་བྱས་པར་མཐའ་གཅིག་ཏུ་ལྷོད་ཡངས་དང་སྣང་ཆུང་བཏང་སོང་། ད་ལོའི་ཕྱི་ཟླ་༣་པའི་མགོ་སྟོད་དུའང་རྒྱ་གར་གྱི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་ཁྱབ་གདལ་མཇུག་སྒྲིལ་གྲབས་ཡོད་ཅེས་འུར་སྒྲོགས་བྱས་པ་རེད། དེར་བརྟེན་མང་ཚོགས་ཀྱིས་ཁ་རས་མ་གྱོན་པ་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཁྲིམས་ལ་བརྩི་མེད། མི་ཚོགས་འདུ་འཛོམ། ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་དང་ཆོས་ལུགས་ཀྱི་དུས་ཆེན་ཚུགས་པ། གཉེན་སྟོན་རྒྱས་པོ་བྱས་པ་དང་མི་རྣམས་གློག་བརྙན་ཁང་དུ་ལྟད་མོར་ཕྱིན་པ་སོགས་ཀྱི་སྣང་ཆུང་བྱས་པ་རེད་ཅེས་སྐྱོན་བཙུགས།།

རྒྱ་གར་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་གདལ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་མི་གྲངས་ས་ཡ་མང་པོ་གནས་གཅིག་ཏུ་འདུས་པའི་ཀུམ་བྷུ་མེ་ལ་ཆོས་ལུགས་དུས་ཆེན་ཡིན་ཞིང་། རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཏར་ཁན་མངའ་སྡེའི་ཧ་རི་དྷོ་ཝར་ས་གནས་གཅིག་པུར་རྒྱ་གར་བ་ས་ཡ་མང་པོ་འདུས་ནས་ཆུ་བོ་གངྒའི་ནང་དུ་ལུས་པོ་བཀྲུས་ཏེ་སྡིག་སྒྲིབ་དག་ཐབས་སུ་འབད། ཕྱི་ཟླ་༤་པའི་ཚེས་༡་ནས་འགོ་ཚུགས་པའི་ཀུམ་བྷུ་མེ་ལ་ཆོས་ལུགས་དུས་ཆེན་ལ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རྣམས་འདུས། ཆོས་ལུགས་དུས་ཆེན་དེ་དུས་ཡུན་ཟླ་བ་གཅིག་ལ་གྲོལ་གྱི་མེད་པས་རྒྱ་གར་རྒྱལ་ཡོངས་ཀྱི་མི་རྣམས་ཧ་རི་དྷོ་ཝར་ས་གནས་སུ་འདུས་ནས་རང་གནས་སུ་ཕྱིར་ལོག་སྐབས་སུ་ནད་དུག་བགོ་བ། ལཀ་ཤི་མན་ན་ཡ་རན་གྱིས་ཀུམ་བྷུ་མེ་ལ་ཆོས་ལུགས་དུས་ཆེན་ནི་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཏོག་དབྱིབས་ནད་དུག་བགོ་ཁྱབ་གཏོང་མཁན་དེར་འགྱུར་སྲིད་པའི་ཉེན་ཁ་ཆེ་ཞེས་བཤད། སྲིད་བློན་མོ་དྷིས་བདུན་ཕྲག་མང་པོར་ཀུམ་བྷུ་མེ་ལ་ཆོས་ལུགས་དུས་ཆེན་ལ་གླེང་སློང་གང་ཡང་མ་བྱས་ཤིང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་སྲིད་བློན་མོ་དྷིས་ད་གཟོད་ཀུམ་བྷུ་མེ་ལ་ཆོས་ལུགས་དུས་ཆེན་ལ་མི་ཚོགས་འདུ་འཛོམ་མ་བྱས་ན་དགེ་མཚན་ཆེ། ཀུམ་བྷུ་མེ་ལ་ཆོས་ལུགས་དུས་ཆེན་མཚོན་དོན་ཙམ་གྱིས་སྲུང་བརྩི་ཞུས་ན་ཆོག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཁ་སང་གཟའ་མིག་དམར་ཉིན་སྲིད་བློན་མོ་དྷིས་རྒྱལ་ཡོངས་ལ་གཏམ་བཤད་བྱས་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེན་པོ་ཡོད་པ་ཁས་བླངས། ཁོང་གིས་ང་ཚོས་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་ཧ་ཅང་ཆེན་པོ་ཞིག་བྱེད་བཞིན་ཡོད་ཀྱང་འགྲོ་འོང་བཀག་སྡོམ་བྱ་རྒྱུ་དེར་བསམ་བློ་ཐོངས། རྒྱ་གར་གྱི་མངའ་སྡེ་ཁག་གིས་སླར་ཡང་འགྲོ་འོང་བཀག་སྡོམ་དང་ཚོང་ལས་མཚམས་འཇོག་བྱེད་ཀྱི་ཡོད་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་འཚེ་ཆེ། མི་མང་དབུལ་ཕོངས་ས་ཡ་མང་པོར་ཉིན་རེའི་འཚོ་བའི་དམིགས་སྒོ་མེད་པར་འགྱུར་རྒྱུ་རེད། ང་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ཇུས་རྣམས་ལག་ལེན་ཚུལ་བཞིན་བསྟར་ན་འགྲོ་འོང་བཀག་སྡོམ་བྱེད་མི་དགོས་ཞེས་ནན་བརྗོད་བྱས་འདུག

XS
SM
MD
LG