ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༢༤

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་དུ་རྒོལ་མཆོང་།


༄༅།། དེ་རིང་ཕྱི་ཟླ་༧་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་༡༠༠་འཁོར་བའི་དུས་ཆེན་སྲུང་བརྩི་བྱེད་བཞིན་སྐབས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ལ་རང་དབང་དགོས། འཛམ་གླིང་རྒྱལ་ཚོགས་གང་དུ་ཡོད། རྒྱ་ནག་དམར་ཤོག་ནི་སྲིད་དབང་སྒེར་སྤྱོད་པ་རེད་ཅེས་ངོ་རྒོལ་སྐད་འབོད་བྱས་ནས་རྒྱ་ནག་གཞུང་ལ་བོད་པའི་རང་དབང་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་གཏང་རྒྱུའི་བརྡ་ཞིག་བཏང་འདུག


བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་དེ་རིང་གི་ཉིན་མོ་ནི་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུའི་དུས་ཚིགས་གལ་ཆེན་ཞིག་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཚང་མ་ལྡི་ལིར་འབྱོར་ཡོད། ལྷག་པར་དུ་དེ་རིང་གི་དུས་ཚིགས་འདི་བརྒྱུད་ནས་གཞོན་ནུའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གིས་དམར་གསོད་བཏང་པའི་གཞིས་ལུས་བོད་པ་ཚོས་བློས་གཏོང་བྱས་པའི་མངོན་འདོད་རྣམས་བསྒྲུབ་པའི་ཆེད་དུ་བོད་མིའི་རང་དབང་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་གཏང་རྒྱུའི་བརྡ་ཞིག་བཏང་ཡོད་ཅེས་བཀྲལ།།

དེ་རིང་སྔ་དྲོར་བོད་རང་བཙན་ལས་འགུལ་བ་རྡོ་རྗེ་རང་བཙན་དང་སྐུ་ཞབས་ལེགས་ལྡན་གཉིས་ཀྱིས་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་དུ་རྒྱ་གཞུང་ལ་ངོ་རྒོལ་དང་རྒྱ་ནག་གི་རྒྱལ་དར་དབྲལ་། ཁོང་ཚོས་སྐད་འབོད་ལས་འགུལ་སྤེལ་བར་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཉེས་རྡུང་ཅུང་ཙམ་བཏང་སོང་ཞེས་རྡོ་རྗེ་རང་བཙན་གྱིས་འགྲེལ་བརྗོད་གནང་སོང་། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་བའི་དུས་ཚིགས་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེར་རྒྱ་ནག་དམར་ཤོག་ཚོགས་པ་ཡུན་རིང་གནས་ཚེ། བོད་པའི་ངོ་བོ་དང་རིག་གཞུང་རྩ་མེད་གཏང་རྒྱུའི་ཉེན་ཁ་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་བདེ་འཇགས་ལའང་ཉེན་ཁ་ཧ་ཅང་ཆེན་པོ་འདུག རྒྱ་དམར་གཞུང་གི་གདུག་རྩུབ་ལ་དམངས་གཙོའི་མཐུན་ཕྱོགས་རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱིས་གདོང་ལེན་བྱ་དགོས་ཞེས་ནན་བརྗོད་གནང་སོང་། དེ་རིང་སྔ་དྲོར་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒོལ་མཆོང་ལས་འགུལ་སྤེལ་མཁན་རྣམས་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཀྱང་ཕྱི་དྲོར་མི་ཚང་མ་གློད་གྲོལ་བཏང་འདུག་པའི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ།

XS
SM
MD
LG