ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཏོག་དབྱིབས་ནད་དུག་གསར་པར་འཛེམ་ཟོན་བྱེད་དགོས་པའི་ནན་སྐུལ།


༄༅།། ཕྱི་ཟླ་༡༢་པའི་ཚེས་༢་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་བདུན་ཕྲག་འདིར་རྒྱ་བལ་གཉིས་ཀྱི་བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༩་ བྱུང་སོང་། ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཏུ་སློབ་གྲྭ་དང་དགོན་སྡེ་ཁག་གི་རང་ལོ་༡༧་མན་ཆད་ཀྱི་སློབ་ཕྲུག་ཚོར་འགོག་ཁབ་རྒྱག་རྒྱུ་དེར་གྲ་སྒྲིག་དང་གྲོས་སྡུར་བྱས་ནས་ཟབ་སྦྱོང་ཚུགས་ཡོད་ཅེས་བཤད། ཚོགས་ཆུང་གི་མགྲིན་ཚབ་པ་གཉིས་ཀྱིས་ཉེ་དུས་ཤིག་ནས་ཁྱབ་གདལ་འགྲོ་བཞིན་པའི་ཨོ་མི་ཁོ་རོན་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་གསར་པ་དེར་མང་ཚོགས་ཀྱིས་དངངས་སྐྲག་བྱ་རྒྱུའི་ཚབ་ཏུ་སྔོན་འགོག་གི་ལས་ཐབས་བསྟེན་རྒྱུ་དེར་དོ་གཟབ་བྱ་དགོས་ཞེས་ལམ་སྟོན་གནང་འདུག

བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་ནད་དུག་གསར་པ་དེ་འགོ་སླ་བ་དང་ཁྱབ་གདལ་མྱུར་བ་ཞིག་ཡིན་མོད། འོན་ཀྱང་ད་ལྟའི་ཆར་ཚན་རིག་པ་ཚོས་ནད་དུག་དེར་མུ་མཐུད་དུ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། མི་ཚང་མས་ནད་འགོག་གི་ལམ་སྟོན་ཁག་སྔར་བཞིན་ལག་ལེན་བསྟར་དགོས། རྒྱ་གར་གཞུང་གིས་ཕྱི་ཟླ་༡༢་པའི་ཚེས་༡་ནས་ཕྱི་རྒྱལ་གྱི་འགྲུལ་པ་ཚོར་དམིགས་བསལ་གྱིས་དོགས་གཟོན་བྱེད་དགོས་པ་དང་རྒྱལ་ཁབ་༡༡་མིང་འདོན་བྱས་འདུག རྒྱལ་ཁབ་དེ་དག་ནས་ཡོང་བའི་འགྲུལ་པ་ཚོས་བརྟག་དཔྱད་བྱས་པའི་དཔང་ཡིག་སྟོན་དགོས་པ་དང་ཟུར་འགོག་གི་གོ་རིམ་སོགས་བརྒྱུད་དགོས་ཀྱི་འདུག བོད་པ་ཚོ་ས་ཕྱོགས་གང་ས་ནས་རྒྱ་གར་ལ་འབྱོར་གྱི་ཡོད་པས་དོགས་ཟོན་བྱ་དགོས་ཞེས་ལམ་སྟོན་བྱས་ཡོད་པ་རེད།།

འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་གིས་བོད་པ་སུད་ཚོང་བ་ཚོས་སུད་ཚོང་གི་ལས་དོན་གྲུབ་ནས་གཞིས་སྒར་ཁག་ཏུ་ཕྱིར་ལོག་བྱེད་པའི་སྐབས་སུ་ངེས་པར་དུ་བརྟག་དཔྱད་བྱས་ནས་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་བྱས་པའི་དཔང་ཡིག་སྟོན་དགོས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་རིམ་དང་མང་ཚོགས་འདུ་འཛོམས། དེ་བཞིན་ལོ་སར་སྐབས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལམ་སྟོན་རྣམས་ཚུལ་བཞིན་ལག་ལེན་བསྟར་དགོས་པའི་ནན་སྐུལ་ཞུས་འདུག ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་བཙན་བྱོལ་བ་༦༩༣༥་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༡༦༢་ལ་འཆི་སྐྱོན། དེང་སྐབས་སྨན་བཅོས་བྱེད་མུས་ཡིན་པ་༥༩་ཡོད་པ་དང་མི་༦༧༡༤་དྲག་སྐྱེད་བྱུང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG