ངོ་འཕྲད་བདེ་བའི་དྲ་འབྲེལ།

བཀྲ་ཤིས་དབང་ཕྱུག་བཙོན་ཁང་ནས་གློད་གྲོལ།


༄༅།། བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལ་རྒྱ་ནག་གཞུང་གིས་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་ལོ་དུས་ཡོངས་སུ་ཚང་སྟེ་གློད་གྲོལ་བཏང་འདུག དེ་ཡང་བོད་ནང་གི་བོད་པ་མིང་འདོན་བྱེད་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཟླ་དང་པོའི་ཚས་༢༨་ཉིན་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་བཙོན་ཁང་ནས་གློད་གྲོལ་བཏང་སྟེ་ཟི་ལིང་གྲོང་ཁྱེར་ལ་ཁྲི་འདུ་རྫོང་གི་ཉེན་རྟོག་པ་དངོས་སུ་རྩིས་ལེན་བྱེད་དུ་སླེབས་ནས་ཉིན་གུང་ཆུ་ཚོད་༡༢་མ་ཡོལ་སྔོན་ལ་ཡུལ་ཤུལ་ཁུལ་གྱི་རང་ཁྱིམ་དུ་འབྱོར་སོང་། ཁོང་རང་ཡུལ་ལ་འབྱོར་མ་ཐག་པ་ཡིན་པས་བལྟས་ཚོད་ཀྱིས་བདེ་ཐང་རེད་སྙམ་པའི་ཚོར་བ་ཞིག་སྟེར་ཀྱང་སྐུ་གཟུགས་ཀྱི་གནས་སྟངས་ངོ་མ་ཅི་ཡིན་ཤེས་རྟོགས་བྱུང་མ་སོང་ཞེས་གསར་འགྱུར་མཁོ་སྤྲོད་བྱས་འདུག

ཁྲིམས་རྩོད་པ་ལིང་ཞོ་ཅོན་གྱིས་བཀྲ་ཤིས་དབང་ཕྱུག་གློད་གྲོལ་བཏང་བ་བདེན་པ་རེད། ཁོང་རང་ཁྱིམ་དུ་མ་འབྱོར་བའི་སྔོན་དེར་བཟའ་མི་རྣམས་དང་ཉེ་འབྲེལ་ཚང་མ་ཡུལ་ཤུལ་ཁུལ་དུ་འདུས་ནས་བསུ་སྒུག་བྱས་འདུག བཀྲ་ཤིས་དབང་ཕྱུག་ཁྲི་འདུ་རྫོང་གི་ཉེན་རྟོག་པས་བསུ་སྐྱེལ་འོག་ཡུལ་ཤུལ་ཁུལ་ལ་ཁྲིད་སོང་། ད་ལྟ་ཁོང་གི་སྤུན་མཆེད་ཀྱི་ཁྱིམ་དུ་འབྱོར་ཡོད་པ་དང་བཟའ་མི་ཚོས་བཀྲ་ཤིས་དབང་ཕྱུག་སྐུ་གཟུགས་བདེ་ཐང་རེད་ཟེར་གྱི་འདུག ད་དུང་ཁོང་གི་བཟའ་མི་ཚོར་ཐད་ཀར་འབྲེལ་བ་བྱུང་མ་སོང་། ངས་བཀྲ་ཤིས་དབང་ཕྱུག་ལ་རང་དབང་ཆ་ཚང་ཞིག་ཐོབ་ཡོད་མེད་ཤེས་རྟོགས་ཐུབ་མ་སོང་ཞེས་དྲྭ་ལམ་དུ་གནས་ཚུལ་ཞིག་བཀོད་འདུག

བཀྲ་ཤིས་དབང་ཕྱུག་གིས་ཕྱི་ལོ་༢༠༡༥་ལོར་པེ་ཅིང་དུ་བཅའ་སྡོད་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་རྒྱ་ནག་གཞུང་གིས་བོད་ས་ཁག་གི་སློབ་གྲྭའི་ནང་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་རྩ་མེད་གཏོང་གི་འདུག བོད་ཕྲུག་ཚོ་བོད་སྐད་དང་བོད་ཡིག་མི་ཤེས་པའི་ཚད་དེར་ལྷུང་གི་ཡོད་པས་རྒྱ་ནག་གཞུང་གིས་ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སུ་འཁོད་པའི་འབྲུ་དོན་ལྟར་བོད་ཡིག་དང་བོད་སྐད་ལ་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་བྱས་ཡོད་པར་མ་ཟད། གསར་ཁང་དང་ཁྲིམས་རྩོད་པ་སོགས་ལ་འབྲེལ་བ་བྱས་ཏེ་བོད་ས་ཁག་གི་སློབ་གསོའི་དཀའ་ངལ་དྲིལ་བསྒྲགས་བྱ་ཐབས་བྱས་པའི་སྟབས་ཀྱིས་༢༠༡༦་ལོའི་ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་ཡུལ་ཤུལ་ཁུལ་གྱི་ཉེན་རྟོག་པས་གསང་བའི་སྒོ་ནས་འཛིན་བཟུང་བྱས་ཤིང་། ཁོང་ལོ་དེའི་ཕྱི་ཟླ་༣་པའི་ཚེས་༢༤་བར་དུ་གང་དུ་ཡོད་མེད་རྣམས་བཟའ་མི་ཚོར་ཤེས་རྟོགས་བྱུང་དུ་བཅུག་མེད་པ། ཕྱིས་སུ་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལ་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད། ༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༢༨་ཉིན་གློད་གྲོལ་ཐོབ་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG