ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་དམག་ཚེ་རིང་ནོར་བུར་རྒྱ་གར་གྱི་ཆེ་བསྟོད་གཟེངས་རྟགས་ཐོབ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་དང་པོའི་ཚེས་༢༦་ཉིན་ནི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཙོའི་ལམ་ལུགས་དབུ་བརྙེས་ནས་ལོ་༧༢་འཁོར་བའི་དུས་ཆེན་ཡིན་ཞིང་། ད་ལོའི་སྤྱི་མཐུན་དུས་ཆེན་གྱི་སྔ་ནུབ་དེར་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་ཡུལ་ཏེ། ཕུལ་བྱུང་སྐྱེས་བུ་ཁག་གི་མཚན་གཞུང་གསལ་བསྒྲགས་བྱུང་བ་དེའི་ཁོངས་སུ་རྒྱ་གར་གྱི་དམིགས་བསལ་ས་མཚམས་དཔུང་སྡེ་ཞེས་པའི་དྭང་ཞབས་དམག་སྒར་ཁོངས་སུ་ཞུགས་པའི་བོད་དམག་ཚེ་རིང་ནོར་བུ་ཡང་ཚུད་འདུག རྒྱ་གར་གྱི་དེ་རིང་ཞེས་པའི་གསར་ལས་ཁང་གིས་༢༠༢༡་ལོའི་རྒྱ་གར་གྱི་དཔའ་མཛངས་སྙིང་སྟོབས་ཅན་གྱི་ཆེས་མཐོའི་གཟེངས་རྟགས་མ་ཧ་ཝྭིར་དང་ཝྭིར་ཙཀྲ དེ་བཞིན་སེ་ན་རྟགས་མ་ཐོབ་མཁན་མི་གྲངས་༥༤་ཡོད་པ་དེའི་ཁོངས་སུ་དྭང་ཞབས་དམག་སྒར་ཁོངས་ཀྱི་བོད་དམག་ཚེ་རིང་ནོར་བུ་ཡོད་ཅིང་། ཚེ་རིང་ནོར་བུ་ནི་ལ་དྭགས་ཤར་ཕྱོགས་ཀྱི་གངས་གཟིག་འཐབ་རྒོལ་དུ་གྲགས་པའི་འཕྲལ་སྒྲུབ་ལས་འགུལ་ལ་ཞུགས་པ་རེད་ཅེས་བཀོད།།

འདས་པའི་ལོ་མང་རིང་རྒྱ་གར་གཞུང་གིས་དམིགས་བསལ་ས་མཚམས་དཔུང་སྡེ་ཞེས་པའི་བོད་པ་བཙན་བྱོལ་བའི་དྭང་ཞབས་དམག་སྒར་ཞིག་ཚུགས་ཡོད་པ་གསང་རྒྱ་དམ་པོ་བྱས་མོད། འོན་ཀྱང་སྔ་ལོ་རྒྱ་དམག་གིས་རྒྱ་གར་གྱི་ས་མཚམས་ཁག་ཏུ་བཙན་འཛུལ་སྔ་རྗེས་བྱུང་བའི་རྗེས་སུ་རྒྱ་གར་གཞུང་གིས་བོད་པའི་དྭང་ཞབས་དམག་སྒར་གྱི་དམག་དཔུང་རྣམས་ས་མཚམས་ཁག་ལ་བཀྲམ་པར་མ་ཟད། རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་ཀྱང་བོད་པ་བཙན་བྱོལ་བ་ཚོས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་བྱས་རྗེས་ཆེན་པོ་བཞག་དང་འཇོག་བཞིན་པའི་གནས་ཚུལ་རྣམས་ཡོངས་གྲགས་སུ་ཁྱབ་སྤེལ་བྱུང་ཞིང་། ལྷག་པར་དུ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་དང་མི་དམངས་བཅས་ཀྱིས་བོད་པ་བཙན་བྱོལ་བ་ཚོས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་སྲི་ཞུ་སྒྲུབ་བཞིན་པར་ཚད་མཐོའི་བསྔགས་བརྗོད་བྱས་ཡོད་པ་རེད།།

སྔ་ལོའི་ཕྱི་ཟླ་༨་པར་དྭང་ཞབས་པ་ཉི་མ་བསྟན་འཛིན་ས་མཚམས་སུ་འབར་རྫས་གས་ཐོར་བྱུང་སྟེ་རྐྱེན་ལམ་དུ་སོང་། དམ་པ་དེའི་སྐུ་ཕུང་ཞུགས་འབུལ་མཛད་སྒོའི་དུས་སུ་རྒྱ་གར་གྱི་དམག་གི་ལམ་སྲོལ་ལྟར་ཟངས་དུང་འབུད་དཀྲོལ་དང་མཁའ་དབྱིབས་སུ་མེ་མདའ་འཕངས་ནས་མྱ་ངན་གུས་འདུད་ཆེན་པོ་ཞུས། རྒྱ་གར་བྱང་ཕྱོགས་ཧར་བྷར་པུར་ས་གནས་སུ་གནས་འཁོད་དྭང་ཟུར་ཚོགས་པའི་ཚོགས་གཙོ་བྱམས་པ་ལགས་ཀྱིས་བོད་པ་ཞིག་ལ་རྒྱ་གར་གྱི་ཆེ་བསྟོད་གཟེངས་རྟགས་ཐོབ་པའི་གནས་ཚུལ་ཐོན་པར་དགའ་བསུ་ཆེན་པོ་ཞུས་ཤིང་། ༡༩༦༢་ལོར་རྒྱ་གར་གཞུང་གིས་དམིགས་བསལ་གྱི་ས་མཚམས་དཔུང་སྡེ་ཞེས་བའི་བོད་དམག་གི་སྒྲིག་འཛུགས་བཙུགས། ༡༩༧༡་ལོར་པ་ཀི་སི་ཐན་ལ་དམག་འཁྲུག་དང་༡༩༩༩་མཁར་དཀྱིལ་གྱི་དམག་འཁྲུག་བཅས་སུ་རྒྱ་གར་གཞུང་གིས་བོད་དམག་དྭང་ཞབས་པ་རྣམས་བཏང་སྟེ་དཔའ་རྟགས་ཆེན་པོ་བཞག་མྱོང་ཡོད་པ་རེད།།

XS
SM
MD
LG