ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རྣ་ཐོད་ལར་རྒྱ་དམག་༢༠་ཐམ་པར་རྨས་སྐྱོན་ཕོག་མེད་ཟེར། 


༄༅།། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་བོད་དང་འབྲས་ལྗོངས་ཀྱི་ས་མཚམས་རྣ་ཐོད་ལར་འཁྲུག་འཛིང་བྱུང་སྟེ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་༢༠་ཐམ་པར་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་རྒྱ་ནག་གི་དམག་མི་༢༠་ཐམ་པར་རྨས་སྐྱོན་ཕོག་པ་རེད་ཅེས་གནས་ཚུལ་སྤེལ་བ་རྣམས་གསར་འགྱུར་རྫུན་མ་རེད། རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་ཁག་ཅིག་ཁ་རྩོད་བྱུང་ཡོད་སྲིད་ཀྱང་རྣ་ཐོད་ལར་ཕྱོགས་གཉིས་ཀྱི་དམག་མི་ཁག་ཅིག་ལག་འཛིང་ཐུག་པའི་གནས་ཚུལ་གང་ཡང་བྱུང་མེད། གལ་སྲིད་རྒྱ་ནག་གི་དམག་མིར་རྨས་སྐྱོན་ཕོག་ཡོད་པ་བདེན་པ་ཡིན་ཚེ། རྒྱ་ནག་གི་མཐའ་མཚམས་སྲུང་དམག་གི་སྐོར་གཡེང་ཚིག་ཐོའི་ནང་དུ་འཁྲུག་འཛིང་བྱུང་སོང་ཞེས་ཐོ་འགོད་བྱ་དགོས་ངེས་རེད། མི་དམངས་བཅིངས་འགྲོལ་དམག་གི་མཐའ་མཚམས་སྐོར་གཡེང་དམག་གིས་རྒྱ་གར་གྱི་དམག་ལ་ལག་འཛིང་ཐུག་སྟེ་རང་ཕྱོགས་སུ་རྨས་སྐྱོན་བྱུང་སོང་ཞེས་ཚིག་ཐོ་གཅིག་ཀྱང་བཀོད་མི་འདུག་ཅེས་ཁྱབ་བསྒྲགས་བྱས་འདུག

ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་རྣ་ཐོད་ལར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་ཁག་ཅིག་ལག་འཛིང་ཐུག་འདུག རྒྱ་ནག་གི་དམག་མི་༢༠་ཐམ་པར་རྨས་སྐྱོན་ཕོག་འདུག་ཅེས་གསར་འགྱུར་སྤེལ་རུང་རྒྱ་གར་གྱི་དམག་མིར་རྨས་སྐྱོན་བྱུང་མིན་གྱི་གནས་ཚུལ་ཅི་ཡང་སྤེལ་མེད་ཅིང་། རྒྱ་གར་གྱི་དམག་དོན་མི་སྣ་ཚོས་འབྲས་ལྗོངས་ཀྱི་བྱང་ཕྱོགས་སུ་གནས་ཚུལ་ཆུང་ཆུང་ཞིག་བྱུང་བ་ནི་དོན་དག་ཚབས་ཆེན་ཞིག་མ་རེད། རྣ་ཐོད་ལའི་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་གིས་ཕན་ཚུན་རྫིག་རྫིག་བྱེད་རེས་ཀྱི་གནས་ཚུལ་བྱུང་ཡོད། ཡིན་ནའང་ས་མཚམས་ཀྱི་དམག་དཔུང་བཀོད་འདོམས་པ་ཚོས་གནད་དོན་དེ་ས་གནས་ས་ཐོག་ཏུ་ཐག་གཅོད་བྱུང་ཡོད། རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་སྒྲོ་འདོགས་ཀྱི་གནས་ཚུལ་རྣམས་མ་སྤེལ་ན་ལེགས་ཞེས་ནན་སྐུལ་བྱས་འདུག གལ་སྲིད་བདུན་ཕྲག་སྔོན་མར་རྣ་ཐོད་ལའི་ས་མཚམས་སུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་ཁག་ཅིག་ལག་འཛིང་ཐུག་ནས་རྒྱ་ནག་གི་དམག་མི་༢༠་ཐམ་པར་རྨས་སྐྱོན་ཕོག་པ་བདེན་ན་གནས་ཚུལ་ཚབས་ཆེན་རེད། ན་ནིང་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་གིས་དམར་འཛིང་བྱས་ནས་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་བྱུང་ནས་བཟུང་། རྣ་ཐོད་ལའི་ལག་འཛིང་དེ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་འཁྲུག་འཛིང་བྱུང་བ་ཚབས་ཆེ་ཤོས་སུ་གྱུར་འདུག སྔ་ལོ་གྷལ་ཝན་ལུང་གཤོང་དུ་རྒྱ་ནག་གི་དམག་མི་༣༧་ནས་༤༥་ཡས་མས་ཤིག་ལ་སྲོག་སྐྱོན་བྱུང་འདུག་ཅེས་རྒྱ་གར་དང་ཨ་མི་རི་ཀ་གཉིས་ཀས་གནས་ཚུལ་སྤེལ། རྒྱ་ནག་གི་དམག་མིའི་དུར་ས་ཞིག་ཏུའང་དུར་རྡོ་གསར་པ་༤༠་ལྷག་བཙུགས་ཡོད་པ་མཐོང་རྒྱུ་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་སྐབས་དེར་རྒྱ་དམག་ཅི་ཙམ་ལ་སྲོག་སྐྱོན་ཕོག་མིན་གྱི་ཁ་གྲངས་གསལ་པོ་ཞིག་གཏན་ནས་ཕྱིར་བསྒྲགས་བྱས་མེད་པ་རེད།།

ཧྥ་རན་སི་གསར་འགྱུར་ལས་ཁང་གིས་མིང་འདོན་མ་བྱས་པའི་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཞིག་ལ་འདྲི་རྩད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་རྣ་ཐོད་ལའི་ས་མཚམས་སུ་རྒྱ་ནག་གི་སྐོར་གཡེང་དམག་གིས་ས་མཚམས་བརྒལ། དེ་ནས་རྒྱ་གར་གྱི་དམག་གིས་རྒྱ་ནག་གི་སྐོར་གཡེང་དམག་མཐར་སྐྲོད་བཏང་བ་རེད། སྐབས་དེར་རྒྱ་གར་གྱི་དམག་མི་༤་ལ་རྨས་སྐྱོན་ཕོག་པ་དང་རྒྱ་ནག་གི་དམག་མི་མང་དག་ཅིག་ལ་རྨས་སྐྱོན་ཕོག་འདུག ཡིན་ནའང་རྒྱ་ནག་གི་དམག་མི་ཅི་ཙམ་ལ་རྨས་སྐྱོན་ཕོག་མིན་གྱི་གྲངས་ཀ་གསལ་པོ་ཞིག་ཤེས་མ་སོང་ཞེས་བཤད་འདུག ན་ནིང་དབྱར་དུས་ནས་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀས་དབྱིན་ལེ་༢༥༢༠་ཐམ་པའི་ས་མཚམས་ཁག་ཏུ་དམག་དཔུང་ཁྲི་ཚོ་མང་པོ་བཀྲམ། ད་དུང་རྒྱ་དཀར་ནག་གཉིས་ཀས་བོད་དང་ལ་དྭགས། འབྲས་ལྗོངས་དང་མོན་ཡུལ་སོགས་ཀྱི་ས་མཚམས་ཁག་ལ་མེ་སྒྱོགས་དཔུང་སྡེ་དང་མེ་ཤུགས་འཕུར་མདེལ་གྱི་དཔུང་སྡེ། གནམ་དམག་གི་དཔུང་སྡེ་དང་ལྕགས་ཁྲབ་འཁོར་ལོའི་དམག་དཔུང་སྡེ། མཚོན་ལྡན་རླངས་འཁོར་གྱི་དཔུང་སྡེ་རྣམས་འགྲེམ་འཇོག ཕྱོགས་གཉིས་ཀས་དམག་དཔུང་ལ་ཟླ་བ་མང་པོར་འདང་ངེས་ཀྱི་བཟའ་བཅའ་དང་སྨན། གུར་དང་དགུན་ལྭ། དགུན་གྱི་གྲང་ངར་ཁྲོད་དུ་ལྕག་ཐབ་སྒོང་སྤྱད་འབུད་རྫས་སོགས་དོ་པོ་སྟོང་ཕྲག་མང་པོ་སྐྱེལ་འདྲེན་བྱས་ནས་དམག་འཁྲུག་ཆེན་པོ་ཞིག་དང་ཡུན་རིང་གི་དམག་འཁྲུག་ཅིག་རྒྱག་ཐུབ་པའི་མཁོ་ཆས་རྣམས་གྲ་སྒྲིག་བྱས་ཡོད་པར་མ་ཟད། རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་ཀྱི་ས་གནས་ཁག་ལ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། ཟམ་པ་དང་དམག་གི་གནམ་ཐང་། ས་མཚམས་ཀྱི་སོ་ཁང་གསར་པ་སོགས་འཛུགས་སྐྲུན་གང་ཐུབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དེང་སྐབས་རྒྱ་དཀར་ནག་གཉིས་འཁྲུག་འཛིང་ཐུག་གི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཕྱོགས་གཉིས་ཀྱི་ས་མཚམས་སྐོར་གཡེང་དམག་མི་རྣམས་གདོང་ཐུག་བྱུང་བའམ། ཡང་ན་ཕྱོགས་གཉིས་ཀྱི་དམག་གིས་མཐའ་མཚམས་སུ་སོ་ཁང་གསར་པ་འཛུགས་སྐྲུན་བྱས་ནས་འཁྲུག་རྩོད་འབྱུང་གི་ཡོད་ཅིང་། རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཀྱི་སྐོར་གཡེང་དམག་གིས་མེ་མདའ་མ་གཏོགས་མེ་མདའི་ནང་དུ་མདེའུ་བརྫངས་ནས་འཁྱེར་མི་ཆོག་པའི་གྲོས་མཐུན་བཞག དེར་བརྟེན་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་རྟག་ཏུ་ལག་འཛིང་ཐུག ༢༠༢༠་ལོའི་ཕྱི་ཟླ་༦་པ་ནས་རྒྱ་དཀར་ནག་གཉིས་ཀས་ཉུང་མཐར་ཡང་དམག་མི་༡༠༠༠༠༠་རེ་ཧིན་བོད་ས་མཚམས་སུ་འགྲེམ་འཇོག་བྱས་ཤིང་། འདས་པའི་ཟླ་བ་༧་གྱི་རིང་དུ་རྒྱ་དཀར་ནག་གི་ཕྱི་ཟླ་འབྲེལ་མི་སྣ་ཁག་དང་ས་མཚམས་ཀྱི་དམག་དོན་མི་སྣ་ཚོས་གྲོས་མོལ་ཐེངས་དགུ་བྱས་ཀྱང་གྲུབ་འབྲས་ཡག་པོ་ཞིག་ཐོན་མེད་པ་སྟེ། གཟའ་ཉི་མར་རྒྱ་དཀར་ནག་གི་དམག་དོན་མི་སྣ་ཚོས་དུས་ཡུན་ཆུ་ཚོད་༡༦་གི་རིང་ལ་གྲོས་མོལ་ཐེངས་དགུ་པ་བྱས་ཀྱང་གྲུབ་འབྲས་མ་ཐོན་པར་མཇུག་བསྡུས། ཉམས་ཞིབ་པ་ཁག་ཅིག་གིས་ཟླ་བ་འདིའི་ཕྱི་ཚེས་༢༤་ནས་༢༩་བར་དུ་ཉི་མ་༦་ལ་དྲྭ་ལམ་དུ་འཚོགས་བཞིན་ཡོད་པའི་དྷ་ཝྭོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་རེའི་ཚོགས་ཆེན་ལ་རྒྱ་དཀར་ནག་གི་འགོ་ཁྲིད་ཚོ་མཉམ་ཞུགས་བྱེད་ཀྱི་འདུག གཅིག་བྱས་ན་དྷ་ཝྭོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཚོགས་ཆེན་ཞོར་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་དྲྭ་ལམ་དུ་ཟུར་མཇལ་འབྱུང་སྲིད། དེ་འདྲ་ཞིག་བྱུང་ན་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་ཁག་ཏུ་དམག་འཁྲུག་རྒྱག་སྲིད་པའི་ཛ་དྲག་དང་ཉེན་ཁ་ཡོད་པ་རྣམས་ཞི་འཇམ་གཏོང་ཐུབ་པའི་རེ་བ་ཡོད་སྲིད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་དགུན་གྱི་དུས་འདིར་ཧིན་བོད་ས་མཚམས་ཡོངས་རྫོགས་ཁ་བ་དང་འཁྱག་པས་བསྡམས་ཏེ་རྒྱ་དཀར་ནག་གཉིས་ཀས་དམག་འཁྲུག་ཆེན་པོ་ཞིག་རྒྱག་ཐུབ་རྒྱུའི་ཉེན་ཁ་ཆུང་། ཡིན་ནའང་དཔྱིད་དུས་ཁ་བ་དང་འཁྱག་པོ་རྣམས་ཞུ། ཕྱི་ཟླ་༤་པ་ནས་ཕྱི་ཟླ་༡༡་པའི་བར་དུ་ཟླ་བ་༨་ཀྱི་རིང་ལ་རྒྱ་དཀར་ནག་གི་དམག་དཔུང་རྣམས་གདོང་ཐུག་དང་ལག་འཛིང་འབྱུང་རྒྱུའི་ཉེན་ཁ་ཆེན་པོ་འབྱུང་སྲིད། རྒྱ་གར་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་དཔལ་འབྱོར་ཉམས་རྒུད་སླར་གསོ་བཅས་དཀའ་ངལ་གཉིས་ལ་དུས་གཅིག་ཏུ་གདོང་ལེན་བྱེད་དགོས་ཐུག་འདུག རྒྱ་ནག་གིས་དེའི་གོ་སྐབས་བཟུང་སྟེ་མོན་ཡུལ་གྱི་ས་མཚམས་བརྒལ་ནས་རྒྱ་གར་གྱི་མངའ་ཁོངས་སུ་གྲོང་གསེབ་གསར་པ་ཞིག་འཛུགས་སྐྲུན་བྱས་ནས་མངའ་ཁོངས་རྒྱ་བསྐྱེད། བདུན་ཕྲག་སྔོན་མར་རྣ་ཐོད་ལར་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་ཀྱང་སྲིད་བློན་མོ་དྷིས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་། འདི་ནི་ལོ་རྗེས་མའི་དབྱར་དུས་རྒྱ་ནག་གིས་རྒྱ་གར་ལ་སྲིད་ཇུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ངེས་གཏན་བྲལ་བའི་རྟགས་སུ་མངོན། དེས་ན་རྒྱ་གར་གྱིས་ངེས་པར་དུ་ནད་ཡམས་བཀག་སྡོམ་དང་དཔལ་འབྱོར་སླར་གསོ། ཨ་མི་རི་ཀ་གཙོ་བར་གྱུར་པའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དམག་དོན་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེ། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་༢༠༡༨་ལོར་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམག་དོན་འཐབ་ཇུས་ཞེས་པའི་གྲོས་མཐུན་ཞིག་བཞག ཨ་རི་དང་རྒྱ་གར་གཉིས་ཀས་དམག་དོན་འཐབ་ཇུས་དེ་གསང་རྒྱ་བྱ་རྒྱུའི་ཐག་གཅོད་བྱས་ཀྱང་སྲིད་འཛིན་ཊམ་འཕོ་འགྱུར་འགྲོ་ཁ་དེར་གྲོས་མཐུན་ཕྱིར་བསྒྲགས་འདུག ད་ལྟ་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཀྱང་༢༠༡༨་ལོར་ཨ་རི་དང་རྒྱ་གར་གཉིས་ཀྱིས་མིང་རྟགས་བཀོད་པའི་དམག་དོན་འཐབ་ཇུས་ཀྱི་གྲོས་མཐུན་རྩ་འཛིན་བྱེད་དགོས་ཐུག་གི་ཡོད་པ་རེད་ཅེས་གླེང་སློང་བྱས་འདུག

XS
SM
MD
LG