ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་དུ་ངེས་གཏན།


༄༅།། ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་ལས་དུས་འགོ་ཚུགས་ནས་ཉི་མ་བཞིའི་མཚམས་སུ་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་བཏང་ནས་སྡིགས་ར་བསྐུལ། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་ནི་བྲག་རི་བཞིན་འགྱུར་བ་མེད། རྒྱ་ནག་གིས་ཐེ་ཝན་ལ་དམག་གི་འཇིགས་སྐུལ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། རྒྱ་ནག་གི་དམག་དོན་གནམ་གྲུ་ཁག་ཅིག་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱེད་ཀྱི་ཡོད་པ་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་ལ་ཉེན་ཁ་ཞིག་རེད་ཅེས་བསྒྲགས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་འདི་བྷ་ཌན་གྱི་སྲིད་གཞུང་གསར་པ་འགོ་ཚུགས་ནས་བཟུང་སྟེ་ཐེ་ཝན་གྱི་གནད་དོན་ཐོག་ཏུ་ཡོངས་གྲགས་སུ་གླེང་སློང་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཕྱི་ཟླ་དང་པོའི་ཚེས་༢༤་ཉིན་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དང་མདེལ་འཕེན་གནམ་གྲུ་མང་དག་ཅིག་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་པའི་གནས་ཚུལ་ཐོན། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གིས་ཐེ་ཝན་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་བྱེད་ལོབས་སུ་འགྲོ་བཞིན་པ་ནི་ཉེན་ཁ་ཞིག་རེད། རྒྱ་ནག་གིས་ཐེ་ཝན་ལ་དམག་དོན་དང་དཔལ་འབྱོར། ཕྱི་འབྲེལ་བཅས་ཕྱོགས་གསུམ་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། ཨ་མི་རི་ཀས་མུ་མཐུད་དུ་ཐེ་ཝན་ལ་དམངས་གཙོའི་ལམ་ལུགས་ཡར་རྒྱས་གཏོང་གི་ཡོད་པར་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་དེར་བཀའ་དྲིན་ཆེ། ཐེ་ཝན་ནི་རྟག་ཏུ་རྒྱ་ནག་གི་འཇིགས་སྐུལ་འོག་ཏུ་འཚོ་གནས་བྱེད་བཞིན་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག

༡༩༧༩་ནས་ཨ་མི་རི་ཀས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་གཞུང་འབྲེལ་བཅད། ཡིན་ནའང་ཨ་མི་རི་ཀས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་རྒྱུ་མཚམས་འཇོག་བྱེད་ཀྱི་མེད་ཅིང་། ༢༠༡༦་ལོར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚེ་དབྱིན་ཝེན་ཐེ་ཝན་གྱི་སྲིད་འཛིན་ལ་འོས་འདེམས་བྱུང་ནས་བཟུང་། རྒྱ་ནག་གཞུང་གིས་ཐེ་ཝན་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་གནོན་ཤུགས། དམག་གི་འཇིགས་སྐུལ་དང་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཀག་ནས་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་བྱས་ཀྱང་ཨ་མི་རི་ཀ་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་སོང་། ལྷག་པར་དུ་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀའི་བློན་ཆེན་རིམ་པའི་གཞུང་འབྲེལ་མི་སྣ་ཁག་ཚུད་པའི་མཐོ་རིམ་གཞུང་འབྲེལ་མི་སྣ་འགའ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས། ཨ་རིའི་གཞུང་གིས་ཐེ་ཝན་ལ་འདས་པའི་ལོ་མང་རིང་བཙོངས་མྱོང་མེད་པའི་དེང་རབས་ཅན་གྱི་མཚོན་ཆ་མང་དག་ཅིག་བཙོངས། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་འགོ་ཁྲིད་འོག་ཏུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བསྐྱར་སྒྲིག་བྱ་དགོས། ཐེ་ཝན་གྱི་གནད་དོན་ཐོག་ཏུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་བཏང་ན་དགེ་མཚན་མེད་ཅེས་ནན་བརྗོད་བྱས་འདུག ཨ་རིའི་སྲིད་གཞུང་གསར་པས་ཀྱང་རྒྱ་ནག་ལ་མཉམ་འབྲེལ་བྱེད་ཐུབ་ས་ཁག་ཏུ་མཉམ་འབྲེལ་བྱེད་ཆོག་ཅེས་རྣམ་འགྱུར་བསྟན། ཡིན་ནའང་ཐེ་ཝན་གྱི་གནད་དོན་ཐོག་ཏུ་སྲིད་གཞུང་སྔོན་མས་གཏན་ལ་ཕབ་པའི་སྲིད་ཇུས་རྣམས་རྒྱུན་འཁྱོངས་བྱ་རྒྱུའི་རྣམ་འགྱུར་བསྟན། དཔེར་ན་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་གཞུང་འབྲེལ་གྱིས་གདན་འདྲེན་ཞུས། ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པས་ཐེ་ཝན་གྱི་སྲུང་སྐྱོབ་དོན་དུ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་དང་གྲོས་ཚོགས་གོང་འོག་གི་འཐུས་མི། ཨ་རིའི་གཞུང་དམངས་གཉིས་ཀས་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།

སྔ་ལོ་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་བཏང་ནས་དཔུང་འཛུལ་ཐེངས་༣༨༠་བྱས་ཤིང་། ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུའང་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་བཏང་ནས་དཔུང་འཛུལ་བྱ་རྒྱུ་མཚམས་འཇོག་བྱེད་ཀྱི་མེད་པ་སྟེ། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། གཟའ་སྤེན་པའི་ཉིན་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་༤་དང་མདེལ་འཕེན་གནམ་གྲུ་༨་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་ཡོད་པར་མ་ཟད། ཁ་སང་གཟའ་ཉི་མར་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་༡༢་དང་མདེལ་འཕེན་གནམ་གྲུ་༣་བཅས་ཁྱོན་བསྡོམས་རྒྱ་ནག་གི་གནམ་གྲུ་༡༥་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་འདུག་ཅེས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ དེ་ནས་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་ཨེ་ཧྥུ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཏང་ནས་རང་གི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་པའི་རྒྱ་ནག་གི་དམག་དོན་གནམ་གྲུ་རྣམས་མཐར་སྐྲོད་བཏང་འདུག ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་སྤེལ་བའི་གསལ་བསྒྲགས་དེར་རྒྱ་ནག་གཞུང་གིས་ཐེ་ཝན་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ཚོར་ཞི་བའི་གྲོས་མོལ་བྱ་དགོས། ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་གྱིས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམངས་གཙོའི་རྒྱལ་ཁབ་ཁག་གི་ཐུན་མོང་གི་ལྟ་གྲུབ་གོང་འཕེལ་དང་རྒྱལ་ཁབ་ཡར་རྒྱས། བདེ་འཇགས་སྲུང་བཅས་ཀྱི་འབྲེལ་བ་ཡག་ཏུ་གཏོང་རྒྱུ་ཡིན། དེའི་ཁོངས་སུ་ཐེ་ཝན་ཡང་ཚུད་ཡོད། མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླ་ཁག་ཞི་བའི་སྒོ་ནས་ཐག་གཅོད་བྱ་དགོས། ཞི་བའི་གྲོས་མོལ་ནི་ཐེ་ཝན་མི་དམངས་ཀྱི་མངོན་འདོད་དང་ཁེ་ཕན་ལ་མཐུན། ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་ཐུབ་པའི་མཚོན་ཆ་བཙོང་རྒྱུ་ནི་ཨ་རྒྱའི་སྤྱི་བསྒྲགས་དོན་ཚན་༣་དང་ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཁྲིམས་ཡིག ཨ་རྒྱའི་ཁག་ཐེག་དོན་ཚན་༦་བཅས་ལ་འགལ་བ་མེད། ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར་ང་ཚོས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་བྲག་རི་བཞིན་འགྱུར་བ་མེད་ཅེས་བཀོད།།

ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་ཀྱང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསལ་བསྒྲགས་དེར་དགའ་བསུ་ཡོད། དམངས་གཙོའི་ལམ་ལུགས་ཀྱིས་ལོ་༤༠་ལྷག་ལ་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་སོར་གནས་བྱེད་དུ་འཇུག་ཐུབ་པའི་དགེ་མཚན་བྱུང་ཡོད། རྒྱ་ནག་གི་དམག་དོན་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱེད་ཀྱི་ཡོད་པ་མཚམས་ཆད་ཀྱི་མི་འདུག རྒྱ་ནག་གི་ལོ་སར་སླེབས་ལ་ཉེ་བའི་སྐབས་སུའང་རྒྱ་ནག་གི་དམག་དོན་གནམ་གྲུ་རྣམས་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱེད་ཀྱི་ཡོད་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད། རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་བཏང་ནས་ཐེ་ཝན་མི་དམངས་ལ་སེམས་ཁྲལ་སློང་རྒྱུ་མཚམས་འཇོག་བྱ་དགོས། རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཞི་བའི་གྲོས་མོལ་བྱ་དགོས་པ་དང་མཚོ་འགག་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོས་ཐེ་ཝན་མི་དམངས་དང་རྒྱ་ནག་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཛིན་དགོས་ཞེས་འབོད་སྐུལ་ཞུས། ད་ལྟ་འཕོ་འགྱུར་འགྲོ་གྲབས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་དེས་རྒྱ་ནག་གིས་ཐེ་ཝན་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་བྱེད་བཞིན་པར་ཡོངས་གྲགས་སུ་ངོ་རྒོལ་བྱེད་པའི་དུས་ལ་བབ་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ། ཨ་རིའི་སྐུ་ཚབ་ཀྱིས་ཐེ་ཝན་མཚོ་གླིང་གི་དོམ་ནག་རི་མོ་བཀོད་པའི་རྒྱབ་ཁུག་ཅིག་ཁྱེར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཁང་དུ་འདྲ་པར་བླངས། ཁོ་མོས་འདྲ་པར་དེ་ཊོས་ཊར་དྲྭ་ལམ་དུ་སྤེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཤིང་། ཨ་རིའི་སྐུ་ཚབ་དེར་ཐེ་ཝན་གྱི་དོམ་ནག་རི་མོ་བཀོད་པའི་རྒྱབ་ཁུག་དེ་ནེའུ་ཡོཀ་གྲོང་ཁྱེར་དུ་བཅའ་སྡོད་ཐེ་ཝན་དོན་གཅོད་ཁང་གི་སྐུ་ཚབ་ཀྱིས་ལག་རྟགས་སུ་སྤྲད་འདུག

གཟའ་མཇུག་དེར་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་ཆེན་པོ་ཞིག་དང་དམག་གྲུ་འགའ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལ་བཏང་ཞིང་། ཨ་རིའི་མཚོ་དམག་གི་དཔུང་སྡེ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་བཏང་བ་ནི་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་བཏང་བར་ལན་པ་སློག་རྒྱུའི་ཆེད་དུ་ཡིན་མིན་གསལ་པོ་མེད་ཅིང་། བྷ་ཌན་གྱི་སྲིད་གཞུང་གིས་ཀྱང་ཨ་རིའི་སྲིད་གཞུང་སྔོན་མ་ལྟར་ཐེ་ཝན་དང་ཧྥི་ལི་ཕིན་གྱི་མཚོ་འགག་ཏུ་མཚོ་དམག་གི་སྐོར་གཡེང་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་མིན་པའི་བརྡ་གསལ་པོ་ཞིག་བཏང་འདུག ཨ་རིའི་ཤར་ཕྱོགས་མཚོ་དམག་དང་མཚོ་དམག་གི་དཔུང་སྡེ་བདུན་པའི་འགོ་ཁྲིད་ཚོས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་ལ་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀས་དུས་རྒྱུན་ལྟར་མཚོ་དམག་གི་དཔུང་སྡེ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལ་བཏང་བ་ཡིན་ཞེས་བཀྲལ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་མཚོ་སྲུང་དམག་ལ་རང་གི་མཚོ་ཁོངས་སྲུང་སྐྱོབ་དམ་དུ་གཏོང་དགོས། ཕྱི་ཟླ་༢་པའི་ཚེས་༡་ནས་ཆོག་མཆན་མེད་པར་རྒྱ་ནག་གི་མཚོ་ཁོངས་སུ་སིམ་འཛུལ་བྱེད་པའི་ཕྱི་རྒྱལ་གྱི་གྲུ་གཟིངས་ཁག་ལ་མེ་མདའ་རྒྱག་ཆོག རྒྱ་ནག་ལ་བདག་དབང་ཡོད་པའི་གླིང་ཚོམས་ཁག་གི་ཐོག་ཏུ་ཁང་པ་སོགས་འཛུགས་སྐྲུན་བྱས་ཡོད་པ་རྣམས་བཤིག་ཆོག་ཅེས་བཀའ་བཏང་འདུག གལ་སྲིད་རྒྱ་ནག་གི་མཚོ་སྲུང་དམག་གིས་བཀའ་རྒྱ་དེ་ཉིད་དངོས་སུ་ལག་ལེན་བསྟར་ཚེ། ཐེ་ཝན་དང་ཝྭི་ཏེ་ནམ། ཧྥི་ལི་ཕིན་དང་མ་ལེ་ཤི་ཡ། བྷུ་རུ་ནེ་བཅས་རྣམས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་ལ་འབྲེལ་བ་སྡུག་ཏུ་འགྲོ་རྒྱུ། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་སྡུག་ཏུ་འགྲོ་རྒྱུ་ཉག་ཅིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG