ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པ།


༄༅།། དེ་རིང་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཉིན་བཅུ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་སྔོན་ཏོག་དབྱིབས་ནད་དུག་གི་ཛ་དྲག་ལ་གཞིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་བྱས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ཀྱི་ཐག་གཅོད་དེ་བཅའ་ཁྲིམས་དོན་ཚན་༤༠་པར་འགལ་གྱི་འདུག སྤྱི་འཐུས་རྒྱུན་ལས་༡༡་གི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀའ་བསྐྱིལ་བྱས་ཡོད་ཅིང་། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་བཅའ་ཁྲིམས་སུ་འཁོད་པའི་ཁྲིམས་ཞིབ་ཁང་གི་དབང་ཚད་ལས་བརྒལ་འདུག བཅའ་ཁྲིམས་དོན་ཚན་༦༣་པའི་ནང་གསེས་བཞི་པ་གཞིར་བཟུང་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གཏོང་དགོས་ཞེས་གཞུང་འབྲེལ་གྱི་གྲོས་ཆོད་བཞག་སྟེ་ཁྲིམས་ཞིབ་པ་གསུམ་ལས་གནས་ནས་འཕོ་འགྱུར་བཏང་ཞིང་། གྲོས་འཆར་འདོན་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གནས་ཚུལ་དེའི་རྒྱབ་ལྗོངས་ཤོག་གྲངས་བདུན་སྔོན་གླེང་དུ་སྒྲོགས་སྦྱང་གནང་སོང་།།

གྲོས་འཆར་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་ཀྱི་གསལ་བསྒྲགས་སྤེལ་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱིས་གནད་དོན་དེར་བཀའ་སྡུར་དང་ཐག་གཅོད་བྱུང་བའི་རྒྱབ་ལྗོངས་རྣམས་སླར་ཡང་གྲོས་ཚོགས་སུ་གསལ་བཀྲོལ་གནང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཞུ་གཏུག་རྒྱག་མཁན་མེད་པར་ཐག་གཅོད་དེ་བཅའ་ཁྲིམས་ལ་འགལ་ཡོད་པ་རེད་ཅེས་བཀྲལ། ད་ཐེངས་ཀྱི་གྲོས་ཆོད་འདིར་བགྲོ་གླེང་གནང་མཁན་གྲོས་ཚོགས་འཐུས་མི་ཉུང་ཤས་ལས་བྱུང་མེད་པས་སྤྱི་འཐུས་ཁག་ཅིག་གིས་གནད་དོན་འདིའི་རྐྱེན་པས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གཏོང་རྒྱུའི་ཚབ་ཏུ་བཅའ་ཁྲིམས་དང་ཁྲིམས་སྒྲིག་ཁག་ལ་འགྱུར་བ་བཏང་ནས་མ་འོངས་པར་དཀའ་ངལ་འཕྲད་རྒྱུ་སྔོན་འགོག་བྱ་དགོས་ཞེས་དགོངས་འཆར་བཏོན།།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དོན་ཚན་༦༩་པའི་ཏ་པ་གསར་སྣོན་བྱས་པ་བཞིན་བཅའ་ཁྲིམས་དོན་ཚན་༦༧་པའི་བཅའ་ཁྲིམས་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ་ཞེས་གསལ་ཡོད་པ་རེད། བགྲོ་གླེང་སྐབས་སུ་དོགས་གཅོད་ཡོངས་རྫོགས་ལ་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གསལ་བཤད་དང་ཚིག་རྗོད་སོགས་ལ་འགྱུར་བ་གང་ཡང་མེད་པར་སྤྱི་འཐུས་ཚོས་གསང་བའི་འོས་ཤོག་འཕངས། སྐབས་དེར་ངོ་ཡོད་སྤྱི་འཐུས་༤༡་གི་ཁོངས་ནས་སྤྱི་འཐུས་༣༡་གིས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གཏོང་དགོས་པའི་འོས་ཤོག་འཕངས། སྤྱི་འཐུས་༡༠་ཐམ་པས་འཕོ་འགྱུར་གཏོང་མི་དགོས་པའི་འོས་ཤོག་འཕངས།

སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆའི་གཉིས་འོས་ཤོག་༣༠་ཐམ་པས་ཟིན་ཡོད་པས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གཏང་རྒྱུར་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་ཐག་བཅད། འདེམས་ཐོན་ཁྲིམས་ཞིབ་པ་ཚོས་དམ་འབུལ་ཞུ་ས་ཁྲིམས་ཞིབ་པ་ཆེ་བ་ཡིན་པས་མ་འོངས་པའི་དཀའ་ངལ་ལ་དགོངས་པ་བཞེས་དགོས་ཞེས་ཞུས་པར་ཚོགས་གཙོ་མཆོག་པདྨ་འབྱུང་གནས་ཀྱིས་དེ་དག་བཅའ་ཁྲིམས་ལ་འགྱུར་བ་བཏང་ནས་ཐག་གཅོད་བྱ་དགོས་ཞེས་བསྒྲགས། གང་ལྟར་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཐག་གཅོད་དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་སུ་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་བ་ཐོག་མ་དེར་གྱུར་ཡོད་པར་མ་ཟད། སླར་ཡང་ཁྲིམས་ཞིབ་པ་བསྐོ་བཞག་མ་བྱུང་བར་དུ་དམངས་གཙོའི་ཀ་བ་གསུམ་གྱི་ནང་གི་གཅིག་སྟོང་ཆར་ལུས་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG