ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པས་བོད་ཆས་གྱོན་དགོས་པའི་གྲོས་ཆོད།


༄༅།། སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཉིན་ལྔ་པ་སྟེ། རེས་གཟའ་པ་སངས་ཉིན་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་རྒྱབ་སྐྱོར་བ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་གཉིས་ཀྱིས་བོད་མི་རིགས་ནི་སྐད་ཡིག་དང་ཆས་གོས། ཡུལ་སྲོལ་གོམས་གཤིས་སོགས་རིག་གཞུང་སྣེ་མང་འདུས་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་རུང་ཕྱི་ནང་གི་ཉེར་འཚེ་མང་དག་གིས་རྒྱལ་ཁབ་གཞན་འོག་ཏུ་ཤོར་བར་མ་ཟད། བོད་ཀྱི་རིག་གཞུང་ཡང་ཉིན་རེ་བཞིན་ཉམས་ཆག་འགྲོ་བཞིན་ཡོད་ཅིང་། རང་དབང་ལུང་པར་ཡོད་པའི་བོད་མི་རྩམ་ཟན་སྤྱི་དང་། ཁྱད་པར་དུ་བཙན་བྱོལ་བོད་མིའི་དབུ་ཁྲིད་རྣམས་གཙོས་འགན་ཁུར་བཞེས་མཁན་ཚོས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་མྱུར་སྐྱོབ་སླད་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ས་གནས་ཁག་གི་ལས་ཁུངས་ཁག་ཏུ་ཚང་མས་བོད་ཆོས་གྱོན་དགོས། ཁོང་གིས་ལས་བྱེད་པ་ཚོར་བོད་ཆས་གྱོན་དགོས་པའི་གཞེན་སྐུལ་གྲོས་འཆར་ཞིག་མཚམས་སྦྱོར་བྱས་པ་དང་དུས་ཡུན་སྐར་མ་བཅོ་ལྔ་ལྷག་ལ་གྲོས་ཆོད་ཀྱི་རྒྱབ་ལྗོངས་བཅས་ལ་འགྲེལ་བཤད་བསྐྱོན། གྲོས་འཆར་དེར་དགོས་པ་གཙོ་བོ་གསུམ་ཡོད་ཅེས་བཀྲལ།།

གྲོས་འཆར་དེར་ཉིན་དེའི་གྲོས་ཚོགས་ཀྱི་ཚོགས་ཐུན་དང་པོ་ཡོངས་རྫོགས་ཀྱི་རིང་ལ་བགྲོ་གླེང་བྱུང་ཞིང་། སྲིད་སྐྱོང་བློ་བཟང་སེངྒེ་སོགས་བགྲོ་གླེང་ལ་མཉམ་ཞུགས་གནང་སྟེ་སྤྱི་འཐུས་ཡོངས་ཀྱིས་གྲོས་འཆར་དེར་དངོས་སུ་དགག་པ་བསྐྱོན་མཁན་མ་བྱུང་ཡང་གྲོས་ཆོད་དེར་ས་གནས་ས་ཐོག་ཏུ་གནམ་གཤིས་སོགས་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་ལག་བསྟར་ཐུབ་མིན་དང་བོད་ཆས་གཙང་མ་གྱོན་པར་ངོས་འཛིན་ཞུ་ཕྱོགས། དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་བག་ཆགས་དང་པོ་ནི་བོད་ཆས་ཡིན་པ་བདེན་མོད། འོན་ཀྱང་བོད་པའི་རིག་གཞུང་རྒྱུན་འཛིན་བྱེད་པར་ཕྱིའི་རྣམ་པ་ལས་སེམས་ལ་བོད་པའི་ལ་རྒྱ་དགོས་པ་དང་བོད་ཀྱི་སྐད་ཡིག་ཀྱང་ངེས་པར་དུ་ཤེས་དགོས་པ་སོགས་དགོངས་ཆར་ཁག་ཅིག་བཏོན་སོང་། མཐའ་དོན་རྗོད་ཚིག་ལ་འགྱུར་བ་བཏང་སྟེ ལག་བསྟར་གནང་ཐབས་བདེ་མིན་གྱི་རྐྱེན་པས་སྤྱི་མོས་མ་བྱུང་བར་མང་མོས་ཀྱི་གྲོས་ཆོད་གཏན་འབེབས་བྱུང་སོང་།།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་སྒེར་གྱིས་གྲོས་འཆར་མཚམས་སྦྱོར་བྱུང་བ་ཞིག་གཏན་འབེབས་རྗེས་སུ་གཞུང་འབྲེལ་གྱི་གྲོས་ཆོད་དང་གཅིག་མཚུངས་ཡིན་རུང་གྲོས་ཆོད་དེ་ཁྲིམས་དང་སྒྲིག་གཞི་མིན་པས་ངེས་པར་དུ་ལག་བསྟར་བྱ་དགོས་མིན་ལ་གྲོས་སྡུར་བྱེད་མཁན་ཁག་ཅིག་བྱུང་ཞིང་། གྲོས་ཆོད་དེ་དངོས་སུ་ལག་ལེན་བསྟར་ན་སྲི་ཞུའི་ལས་བྱེད་པ་རྣམས་དང་ལས་ཁུངས་ཁག་གི་ཆེད་ལས་པ་ཚོར་དགོངས་ཚུལ་ཅི་ཡོད་དྲིས། ཁོ་ཚོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ལས་ཁུངས་ཁག་ཏུ་བོད་ཆས་གྱོན་ནས་ཕེབས་དགོས་པའི་གྲོས་འཆར་བཏོན་ནས་བཀའ་མོལ་གནང་གི་ཡོད་ཚེ། བོད་པའི་དགོན་སྡེ་ཁག་ཏུ་བོད་པ་ཚོ་ཕྱི་ནས་ཕེབས་དུས་སུའང་ཚུལ་ལྡན་གྱི་ཆས་གོས་གྱོན་དགོས་པའི་གཞེན་སྐུལ་གནང་རྒྱུ་གལ་གནད་ཆེན་པོ་རེད་ཅེས་བསམ་ཚུལ་བཤད་འདུག ད་ཐེངས་ཀྱི་གྲོས་ཚོགས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྔོན་རྩིས་ཀྱི་གྲོས་ཚོགས་ཤིག་ཡིན་པས་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐད་བགྲོ་གླེང་གནང་བཞིན་འདུག་པའི་སྐོར་། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG