ངོ་འཕྲད་བདེ་བའི་དྲ་འབྲེལ།

དགེ་འདུན་པར་དབྱིན་སྐད་ཆེད་སྦྱོང་འཛིན་གྲྭ་ཚུགས་པ།


༄༅།། རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་བྷེང་ལོར་གྲོང་ཁྱེར་ཁུལ་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་རིས་མེད་ཆོས་སྒར་ཁག་གི་དགེ་བཤེས་དང་མཁན་པོ། སློབ་དཔོན་སོགས་དོན་གཉེར་ཅན་གྱི་དགེ་འདུན་པ་ཁག་ཅིག་ལ་ལོ་མང་གོང་ནས་དབྱིན་ཇིའི་སྐད་ཡིག་ཆེད་སྦྱོང་སློབ་ཁྲིད་གནང་གི་ཡོད་པ་ལྟར་འདི་ལོ་ཕྱི་ཟླ་༣་ཚེས་༡་ཉིན་ནས་སྐབས་གསུམ་པའི་དབྱིན་སྐད་ཆེད་སྦྱོང་འཛིན་གྲྭ་དབུ་འཛུགས་གནང་འདུག ད་ལོའི་དབྱིན་སྐད་ཆེད་སྦྱོང་འཛིན་གྲྭར་གདན་ས་སེ་འབྲས་དགེ་གསུམ་གཙོ་བོར་གྱུར་བའི་རིས་མེད་ཆོས་སྡེ་ཁག་གི་དགེ་འདུན་པ་༢༢་ཞུགས་འདུག

ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་བསྟན་འཛིན་དགེ་རྒྱས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། དགེ་འདུན་པར་དབྱིན་ཇིའི་སྐད་ཡིག་ཆེད་སྦྱོང་འཛིན་གྲྭ་དེ་ཚུགས་དགོས་དོན་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་གྲྭ་ཚང་ཁག་ཏུ་སློབ་གཉེར་གནང་སྟེ་ནང་ཆོས་ཀྱི་ཤེས་ཚད་ལེགས་པོ་ཡོད་པ་ཚོས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་དེ་བསྟན་འགྲོ་སྤྱི་ལ་ཞབས་འདེགས་བསྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་གཞིར་བཟུང་འགོ་འཛུགས་གནང་བ་ཞིག་ཡིན་ཞེས་བཀྲལ།།

དགེ་འདུན་པའི་དབྱིན་སྐད་ཆེད་སྦྱོང་དེ་ཐོག་མར་ཕྱི་ལོ་༢༠༡༣་ལོར་དགའ་ལྡན་ཕོ་བྲང་གིས་མཐུན་འགྱུར་གནང་སྟེ་བྷེང་ལོར་གྲོང་ཁྱེར་དུ་ཚུགས་ཀྱང་སྟབས་བདེ་མིན་པས་ཟླ་ཤས་རྗེས་སུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བཀོད་སྒྲིག་གནང་སྟེ་སློབ་གཉེར་གནང་འདུག དགེ་འདུན་པ་ཁག་ཅིག་གིས་མུ་མཐུད་དུ་བྷེང་ལོར་གྲོང་ཁྱེར་དུ་སློབ་སྦྱོང་གནང་ནས་བཞུགས་ཀྱང་༢༠༡༧་ལོར་སྐབས་གཉིས་པའི་ཆེད་སྦྱོང་འགོ་འཛུགས་གནང་ཡོད་པ་དང་སློབ་ཡོན་ཡོངས་རྫོགས་དགའ་ལྡན་ཕོ་བྲང་གིས་གནང་གི་ཡོད་འདུག ལྷོ་སྤྱི་ལས་ཁུངས་ཀྱིས་ཐབས་འཚོལ་གནང་སྟེ་ལོ་འདིའི་སྐབས་གསུམ་པའི་ཆེད་སྦྱོང་འཛིན་གྲྭར་ཞུགས་མཁན་གྲས་སུ་དགེ་འདུན་པ་༡༡་ལ་ཀར་ན་ཀྲ་ཀ་མངའ་སྡེ་གཞུང་གི་སློབ་ཡོན་ཐོབ། གཞན་པ་བཅུ་གཅིག་གིས་སློབ་ཡོན་རང་ངོས་ནས་གཏོང་གི་འདུག

དབྱིན་སྐད་ཆེད་སྦྱོང་གི་དུས་ཡུན་ལོ་གཅིག་ཡིན་རུང་མང་ཆེ་བས་ལོ་གཉིས་ནས་བཞིའི་བར་དུ་མུ་མཐུད་དེ་སློབ་སྦྱོང་གནང་ནས་བཞུགས་མཁན་ཡོད་པའི་གྲས་ཀྱི་ཁ་ཤས་ཤིག་གྲྭ་ཚང་གི་ལས་དོན་སོགས་ཀྱི་རྐྱེན་པས་གནས་སྐབས་རིང་དབྱིན་སྐད་སློབ་སྦྱོང་མཚམས་འཇོག་གནང་དགོས་པ་ཡང་བྱུང་འདུག དེང་སྐབས་ལོ་རིམ་བཞི་པ་འགྲིམ་བཞིན་པའི་དགེ་འདུན་པ་བཞི་ཡོད་པའི་གྲས་ཀྱི་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་ཐུབ་བསྟན་ཆོས་འཕེལ་གྱིས་དགེ་འདུན་པ་ཚང་མས་བརྩོན་འགྲུས་ཆེན་པོས་དབྱིན་སྐད་སྦྱོང་བཞིན་ཡོད་པ་དང་རང་ཉིད་ལ་ཆ་མཚོན་ན་དབྱིན་ཇིའི་སྐད་ཡིག་ཡར་རྒྱས་མི་དམན་པ་ཞིག་་བྱུང་ཡོད་པ་འགྲེལ་བརྗོད་གནང་སོང་། ད་ལྟའི་སྐབས་གསུམ་པའི་ཆེད་སྦྱོང་འཛིན་གྲྭར་ཞུགས་མཁན་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་ས་སྐྱ་དགོན་བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་སྐུ་ཞབས་འཇམ་དབྱངས་མགོན་པོས་རང་ཉིད་དབྱིན་སྐད་སྦྱོང་དགོས་དོན་ནི་ནང་ཆོས་ནས་བསྟན་པའི་བདེ་སྐྱིད་སྒྲུབ་ཐབས་དང་སྡུག་བསྔལ་སེལ་ཐབས་འཛམ་གླིང་ལ་ཁྱབ་སྤེལ་ཐུབ་པ་དང་གཞན་གྱི་རིག་གཞུང་དང་རིག་གནས་ཤེས་ཐབས་ཆེད་ཡིན་ཞེས་གསུངས་ཡོད་པའི་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG