ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལ་སླར་ཡང་འདྲི་རྩད།


༄༅།། རྒྱ་གཞུང་གི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལ་ཉེས་མེད་ཉེས་འགལ་གྱིས་བཙོན་དུ་བཅུག་མྱོང་ཡོད་ཅིང་། ཉེ་ཆར་ཁོང་སླར་ཡང་རྒྱ་གཞུང་གི་ཉེན་རྟོག་པས་འབོད་འགུགས་བྱས་ནས་འདྲི་རྩད་བྱས་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག གསར་འགྱུར་མཁོ་སྤྲོད་པས་བཀྲ་ཤིས་དབང་ཕྱུག་ཟླ་བ་འདིའི་ཕྱི་ཚེས་༡༧་ཉིན་ཡུལ་ཤུལ་རྫོང་ཉེན་རྟོག་ཁང་གིས་འབོད་འགུགས་བྱས་ནས་ཁྱོད་ལ་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་གླེང་བའི་ཐོབ་ཐང་ཅི་ཞིག་ཡོད་ཅེས་དྲིས། ང་ཚོས་རང་གི་མི་རིགས་ཀྱི་སྐད་ཡིག་བཀོད་སྤྱོད་བྱེད་ཆོག་པའི་རང་དབང་གི་ཐོབ་ཐང་གླེང་བ་ནི་རྒྱ་ནག་གི་རྩ་ཁྲིམས་དང་ཡུལ་ཁྲིམས་ཐམས་ཅད་ལ་མཐུན་པ་ཞིག་ཡིན། ང་ཚོས་ཁྲིམས་ལ་འགལ་ཡོད་པ་ཞིག་གཏན་ནས་བསྒྲུབས་མེད། ཁོང་བཙོན་ཁང་ནས་གློད་གྲོལ་བཏང་སྟེ་ལོ་ཟླ་མང་པོ་འགོར་མེད། ལྷག་པར་དུ་རྒྱ་ནག་གི་ཉེས་འཛུགས་འོག་བཙོན་ལ་ཚུད་པ་རེད། བཀྲ་ཤིས་དབང་ཕྱུག་གི་བསམ་བློ་དང་འགྲོ་འདུག་གི་རང་དབང་ལ་དཀའ་ངལ་ཕྲད་དང་འཕྲད་བཞིན་པའི་སྐབས་རེད་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ད་ལྟའི་ཆར་བཀྲ་ཤིས་དབང་ཕྱུག་རང་གི་ས་གནས་གཅིག་པུ་མ་གཏོགས་རྫོང་དང་ཁུལ། ཞིང་ཆེན་བརྒལ་ནས་འགྲོ་དགོས་ན་ཉེན་རྟོག་ཁང་ལ་ཆོག་མཆན་ཞུ་དགོས་ཀྱི་འདུག རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལ་འདྲི་རྩད་བྱས་པའི་སྐབས་དེར་བསམ་བློའི་སློབ་གསོ་གང་འདྲ་ཐེབས་ཡོད་མེད་། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བསམ་བློ་གོང་འཕེལ་ཕྱིན་ཡོད་མེད་བཅས་ལ་རྟོག་ཞིབ་ནན་པོ་བྱས་འདུག དེང་སྐབས་ཁོང་ཡུལ་ཤུལ་ནས་ཟི་ལིང་ལ་སོང་ཡོད་པ་དང་སྐུ་གཟུགས་ཀྱང་བདེ་ཐང་རེད་ཅེས་བརྗོད་འདུག

བཀྲ་ཤིས་དབང་ཕྱུག་གིས་རྒྱ་ནག་གི་ཝི་པོ་དྲྭ་ཚིགས་སུ་སྤེལ་བའི་གནས་ཚུལ་ནང་དུ་འཁོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༢་ཉིན་ང་ཡུལ་ཤུལ་གྲོང་ཁྱེར་གྱི་གཙོ་འཛིན་ལས་ཁུངས་སུ་བཅར་ནས་བོད་ཁུལ་དུ་ལས་བྱེད་པ་གསར་བསྡུ་གཙོས་བོད་ས་ཁག་ཏུ་བོད་ཡིག་བོད་སྐད་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་དང་སྐད་ཡིག་རྒྱུན་འཛིན་བྱེད་དགོས་པའི་འབོད་སྐུལ་ཞུས། ཁོང་སྐབས་དེར་བཀག་ནས་ཕྱི་ཚེས་༡༧་ཉིན་ཡུལ་ཤུལ་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་འབོད་འགུགས་བྱས་ཏེ་ཆུ་ཚོད་༣་ལྷག་ལ་འདྲི་རྩད་བྱས་ཤིང་། སྐབས་དེར་རྒྱ་གཞུང་ལས་བྱེད་པས་བཀྲ་ཤིས་དབང་ཕྱུག་ལ་ཁྱོད་ཀྱིས་བོད་པའི་སྐད་ཡིག་ལ་སེམས་ཁུར་བྱེད་དགོས་པའི་འགན་དབང་དང་ཐོབ་ཐང་དེ་གང་ནས་བྱུང་བ་རེད་ཅེས་དྲིས། ཁོང་གིས་ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་འགན་འཁྲི་ཡོད། དེང་སྐབས་གཟའ་འཁོར་གཉིས་རེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རེ་མེད་པར་འགྱུར་བཞིན་ཡོད་པ་སོགས་ཀྱིས་སེམས་ཁྲལ་འདུག་ཅེས་ལན་འདེབས་བྱས་པར་ཡོད་པར་མ་ཟད། རྒྱ་ནག་གི་ཉེན་རྟོག་པ་དང་ལས་བྱེད་པ་ཚོས་དབང་ཆ་སྤྱད་ནས་མི་དམངས་ཀྱི་ཞུ་གཏུག་ཐོབ་ཐང་མེད་པར་བཟོས། བོད་ཀྱི་སྐད་ཡིག་ལ་སྣང་ཆུང་བྱེད་ཀྱི་འདུག་ཅེས་བྲིས།།

མཐར་བཀྲ་ཤིས་དབང་ཕྱུག་གིས་བོད་རིགས་རང་སྐྱོང་ཁུལ་དེ་དག་ལ་གཞུང་གི་ལས་བྱེད་པ་དང་སྡེ་ཚན་ཁག་གི་ལས་མི་རྣམས་བསྡུ་བའི་སྐབས་སུ་བོད་ཡིག་གི་ཡིག་རྒྱུགས་ལེན་དགོས། བོད་རིགས་རང་སྐྱོང་ས་གནས་ཀྱི་སྲིད་གཞུང་ཁག་གམ། ཡང་ན་དངུལ་ཁང་དང་གློག་འཕྲིན་སོགས་ཁུལ་དང་ཕྱི་རོལ་གྱི་ཡིག་ཆ། གན་རྒྱའི་ཡིག་ཚགས་སོགས་བོད་དུ་འབྲི་དགོས། གཞུང་གི་ལས་དོན་གཉེར་བའི་སྐབས་སུ་བོད་པ་ཚོར་བོད་སྐད་བཤད་དགོས་པ་དང་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་ཡིག་ལྷད་མེད་དང་རྩིས་རིག ཚན་རིག་དང་རང་བྱུང་ཚན་རིག་སོགས་བོད་ཡིག་ཏུ་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་གཙིགས་སུ་འཛིན་དགོས་ཞེས་ནན་བརྗོད་གནང་འདུག་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG