ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༡

བོད་པ་གསུམ་འཛིན་བཟུང་གཞུག་ཏུ་གཅིག་གར་སོང་ཆ་མེད།


༄༅།། རྒྱ་གཞུང་གིས་དབྱེ་བགོ་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དཔལ་ཡུལ་རྫོང་གི་འབར་རྫིས་སྡེ་པའི་སྡེ་དཔོན་གཙོས་མི་གསུམ་ལོ་འདིའི་ཕྱི་ཟླ་༤་པའི་ཟླ་མཇུག་ཏུ་འཛིན་བཟུང་བྱས་ནས་མི་གཉིས་གློད་གྲོལ་བཏང་རུང་སྡེ་དཔོན་ད་དུང་མུ་འཐད་དུ་བཀག་ཉར་འོག་ཏུ་ཚུད་དེ་གར་ཡོད་ཆ་མེད་དུ་གྱུར་ནས་གནས་སྟངས་ཅི་ཡིམ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་བོད་ནང་གི་མིང་བརྗོད་འདོད་མེད་པའི་ས་གནས་ཀྱི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག དེ་ཡང་འབར་རྫིས་སྡེ་པའི་སྡེ་དཔོན་རྡོ་རྗེ་དང་སྡེ་པའི་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་བསོད་ནམས་ཕུན་ཚོགས། ཆོས་ཉིད་བཅས་མི་གསུམ་རྒྱ་གཞུང་གིས་གསལ་བཤད་སོགས་ཅི་ཡང་མེད་པར་འཛིན་བཟུང་བྱས་ཤིང་། མི་གཉིས་གློད་གྲོལ་བཏང་རུང་སྡེ་དཔོན་རྡོ་རྗེ་ནི་བཀག་ཉར་འོག་ཏུ་ཚུད་ནས་ཟླ་བ་གཉིས་ཙམ་འགོར་འདུག

འབར་རྫིས་སྡེ་པའི་བོད་པ་འགོ་ཁྲིད་དེ་ཚོ་འཛིན་བཟུང་བྱས་དོན་ཅི་ཡིན་རྒྱ་གཞུང་གིས་འགྲེལ་བཤད་བརྒྱབ་མེད་ཀྱང་སྡེ་པའི་མང་ཚོགས་ལ་ཉེ་བའི་ལོ་འགའི་རིང་རྒྱ་གཞུང་གིས་རོགས་རམ་སྤྲད་པའི་དངུལ་སྒོར་རྣམས་མང་ཚོགས་ཀྱི་སྤྱི་རིམ་ཆེད་དུ་ལྷ་རྟེན་དང་མཆོད་རྫས་སོགས་བཞེངས་ནས་འགྲོ་གྲོན་བཏང་བ་ཁྲིམས་འགལ་དུ་བརྩིས་ནས་སྡེ་དཔོན་སོགས་འཛོན་བཟུང་བྱས་པ་ཡིན་སྲིད། སྡེ་དཔོན་རྡོ་རྗེ་ནི་ཁྲིམས་འགལ་བྱེད་མཁན་ཞིག་མ་རེད་ཅེས་གླེང་སློང་བྱེད་བཞིན་ཡོད་ཅིང་། གསར་འགྱུར་མཁོ་སྤྲོད་པས་སྡེ་པའི་སྡེ་དཔོན་གྱི་གོ་གནས་འཛིན་དགོས་ན་རྒྱ་གཞུང་གི་ཁྲིམས་ལྟར་ངེས་བར་དུ་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་དགོས། དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཆོས་བྱེད་མི་ཆོག་པས་སྡེ་དཔོན་རྡོ་རྗེ་དང་སྡེ་པའི་འགོ་ཁྲིད་ཚོས་གཞུང་གི་རོགས་སྐྱོར་དངུལ་སྒོར་ཆོས་ཕྱོགས་སུ་འགྲོ་གྲོན་བཏང་བ་ཁྲིམས་འགན་དུ་བརྩིས་ནས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པའི་ཚོད་བྱེད་ཀྱི་འདུག མང་ཚོགས་ལ་སྡེ་དཔོན་མྱུར་ཏུ་གློད་གྲོལ་འཐོབ་རྒྱུ་དང་སྡེ་དཔོན་གྱི་ལས་དོན་སྒྲུབ་ཕྱོགས་ལ་བློ་ཁ་མི་ཚིམས་པའི་བསམ་ཚུལ་བརྗོད་མཁན་གཅིག་ཀྱང་མེད་པར་མ་ཟད། སྡེ་དཔོན་རྡོ་རྗེ་ནི་ལོ་སུམ་བཅུ་སོ་གྲངས་ཤིག་ཡིན་ཞིང་། ཁོང་འཛིན་བཟུང་བྱེད་མཁན་དཔལ་ཡུལ་རྫོང་གི་ཉེན་རྟོག་པ་རེད་ཅེས་བརྗོད་སོང་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG