ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནད་པ་ཚོས་བཟོད་བསྲན་དང་སྨན་ཞབས་པར་རྒྱབ་སྐྱོར་བྱ་རྒྱུ།


༄༅།། ཕྱི་ཟླ་༢་པའི་ཚེས་༣་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་གི་ནང་དུ་རྒྱ་གར་དང་བལ་ཡུལ་གྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་༣༧༧་ཐོན་པ་དང་མི་༡་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས།།

འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་གིས་ད་ལྟའི་ཆར་སྔོན་འགོག་སྨན་ཁབ་བརྒྱབ་མེད་པ་ཚོས་ངེས་པར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས། བོད་པ་སུད་ཚོང་བ་དང་ལོ་གསར་ལ་ཕེབས་མཁན་ཚོ་རང་གི་ས་གནས་ཁག་ཏུ་ཟུར་འགོག་བྱས་ཏེ་ཏོག་དབྱིབས་ནད་དུག་གི་ནད་རྟགས་ཡོད་མེད་བརྟག་དཔྱད་ཚད་ལྡན་ཞིག་བྱ་དགོས། ད་དུང་ནད་པ་ཚོས་བཟོད་བསྲན་དང་སྨན་ཞབས་པ་ཚོར་རྒྱབ་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

རྒྱ་གར་གཞུང་གིས་ཕྱི་ཟླ་༡་པོའི་ཚེས་༡༠་ནས་ལོ་ན་༦༠་ཡན་ཆད་ཀྱི་རྒན་རྒོན་དང་ནད་ཡམས་ཀྱི་མདུན་སར་སྐྱོད་པའི་སྨན་པ། དེ་བཞིན་སྨན་ཞབས་པ་སོགས་ལ་ཤུགས་སྐྱེད་སྨན་ཐུན་གསུམ་པའི་འགོག་ཁབ་རྒྱག་དགོས་པའི་གསལ་བསྒྲགས་སྤེལ་བ་ལྟར་སྨན་ཁབ་རྒྱག་འགོ་ཚུགས་པ་ཡིན། ད་ལྟའི་བར་དུ་རྒྱ་གར་གྱི་ས་གནས་ཁག་གི་བོད་པ་བཙན་བྱོལ་བ་ལོ་ན་༦༠་ཡན་ཆད་ལ་སོན་པ་༢༨༧༩་དང་ནད་ཡམས་ཀྱི་མདུན་སར་སྐྱོད་མཁན་༥༨༩་ལ་སྔོན་འགོག་སྨན་ཁབ་གསུམ་དེ་བརྒྱབ་ཟིན་ཞེས་གསལ་བསྒྲགས་སྤེལ་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG