ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

པེ་ཅིང་གི་རྩེད་འགྲན་ལས་སྣེ་༡༡་ལ་ནད་དུག་འགོས་ནས་སྨན་ཁང་དུ་ལུས།


༄༅།། པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་འབྲེལ་བ་ཡོད་པའི་ལས་སྣེ་༡༡་ལ་ཏོག་དབྱིབས་ནད་དུག་འགོས་ནས་སྨན་ཁང་དུ་ལུས་ཀྱང་ནད་གཞི་ཛ་དྲག་མིན་པའི་གནས་ཚུལ་ཐོན་འདུག དེ་རིང་གཟའ་ལྷག་པའི་ཉིན་༢༠༢༢་ལོའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྨན་པ་མཁས་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་བྷ་རེན་མེཀ་ཀོ་ལོ་སི་ཀིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཕྱི་ཟླ་༡་པོའི་ཚེས་༢༣་ནས་ཏོག་དབྱིབས་ནད་དུག་འགོས་པའི་མི་༢༣༢་ཐོན་སོང་། མི་༡༦༣་ལ་གནམ་ཐང་དུ་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་པ་དང་མི་༦༩་ལ་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་ལྕགས་རིའི་ནང་ལོགས་སུ་ནད་དུག་འགོས་འདུག སྤྱི་ཡོངས་ཀྱི་ཆ་ནས་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་འདུག ད་ལྟའི་ཆར་ལྕགས་རིའི་ནང་ལོགས་སུ་ནད་དུག་འགོ་ཁྱབ་ཚབས་ཆེན་ཞིག་འབྱུང་གི་མེད་པས་བློ་འཚབ་དེ་ཙམ་བྱེད་ཀྱི་མེད། ཕྱི་ཟླ་༡་པོའི་ཚེས་༢༣་ནས་ད་ལྟའི་བར་དུ་མི་༥༤༠༠༠༠་ལ་བརྟག་དཔྱད་བྱས་པ་ཡིན། ནད་དུག་འགོས་ཡོད་པའི་མི་གྲངས་འཕྲལ་དུ་ཇེ་ཉུང་ལ་འགྲོ་མི་ཐུབ་ཀྱང་ནད་དུག་མགོ་འབུར་དུ་མ་བཅུག་ན་རིམ་བཞིན་འཇོམས་ཐུབ་རྒྱུའི་རེ་བ་འཆང་གི་ཡོད། དོན་དངོས་སུ་འཛམ་གླིང་རྒྱལ་ཁབ་གཞན་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པར་གཞིགས་ན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་ཉུང་ཉུང་རེད། པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཡུལ་ཁག་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་འགོག་ཐུབ་པ་ཞིག་རེད་ཅེས་བཤད། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་པེ་ཅིང་ནས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་ནང་དུ་པེ་ཅིང་ཨོ་ལིམ་ཕིཀ་རྩེད་འགྲན་བཀོད་སྒྲིག་ཚོགས་ཆུང་གིས་ནད་དུག་གསར་དུ་འགོས་པའི་མི་༣༢་ཐོན་སོང་ཞེས་བསྟན་བྱུང་། ཁོ་ཚོའི་གྲས་ཀྱི་མི་༡༥་གནམ་ཐང་དུ་འབྱོར་བ་དེ་དག་གི་གྲས་སུ་ཡོད་ཅིང་། ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཡུལ་གྱི་ལྕགས་རིའི་ཕྱི་ལོགས་སུ་གཟའ་ལྷག་པའི་ཉིན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢་ཐོན། འདི་ནི་བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་མི་༡༤་ལ་གསར་དུ་ནད་དུག་འགོས་པར་བསྡུར་ན་ནད་དུག་ཁྱབ་གདལ་ཇེ་ཉུང་དུ་ཕྱིན་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། པེ་ཅིང་གྲོང་ཁྱེར་གཞུང་གིས་སྔར་བཞིན་ནད་འགོག་གི་སྲིད་ཇུས་ཧ་ཅང་དམ་པོ་ཞིག་ལག་ལེན་བསྟར་ནས་རྒྱལ་སའི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་མི་༢་ཐོན་ཡུལ་དེར་སྒོ་རྒྱ་བསྡམས་ནས་མི་མང་རྣམས་རང་ཁྱིམ་དུ་འགོག་དགོས་པའི་བཀའ་ཕབ།།

ཨ་རིའི་ཧྥོར་བྷུ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༤་ནས་ཚེས་༢༠་བར་དུ་འཚོགས་ཀྱི་ཡོད་པའི་པེ་ཅིང་གི་ཨོ་ལིམ་ཕིཀ་ལ་རྩེད་འགྲན་པ་དང་དགེ་རྒན། རྩེད་འགྲན་རུ་ཁག་གི་ལས་སྣེ་སོགས་མི་༣༠༠༠་ལྷག་འདུ་འཛོམས་འབྱུང་གི་ཡོད་པ་རྣམས་ལྕགས་རིའི་ནང་ལོགས་སུ་གནས་བཅའ་རྒྱུ། ཁོ་ཚོ་རྩེད་འགྲན་འཚོགས་ཡུལ་ཁག་ལ་ལོགས་སུ་སྐྱེལ་འདྲེན་བྱས་ནས་རྒྱ་ནག་མི་དམངས་ལ་གཏན་ནས་འབྲེལ་བ་མེད་པར་གཏོང་རྒྱུ་དང་ལྕགས་རིའི་ཕྱི་ལོགས་སུ་བསྐྱོད་མི་ཆོག་པ། རྩེད་འགྲན་པ་ཚོར་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དང་ནད་དུག་འགོས་ཡོད་པ་ཞིག་བྱུང་ན་མྱུར་དུ་ཟུར་འགོག་བྱས་ནས་ནད་དུག་གི་ཁྱབ་རྒྱུན་གཅོད་དགོས་པའི་འཆར་གཞི་བཀོད། ཉེ་ཆར་པེ་ཅིང་གྲོང་ཁྱེར་གྱི་རྫོང་ཁག་འགའ་ཞིག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་གྲངས་ས་ཡ་མང་པོར་བརྟག་དཔྱད་ཐེངས་འགའ་རེ་བྱས་པའི་རྗེས་སུ་ནད་མགོ་འཇོམས་ཡོད་པའི་རྣམ་པ་ཞིག་ཐོན། ཨོ་ལིམ་ཕིཀ་རྩེད་འགྲན་ལ་འབྲེལ་བ་ཡོད་པའི་ལས་བྱེད་པ་རྣམས་ལོགས་སུ་བཀར་ནས་རྒྱལ་སའི་གྲོང་མི་གཞན་ལ་འབྲེལ་བ་བཅད། ཕྱི་རྒྱལ་གྱི་རྩེད་འགྲན་པ་སྨན་ཁབ་བརྒྱབ་པ་རྣམས་རྩེད་འགྲན་འཚོགས་ཡུལ་གྱི་ལྕགས་རིའི་ནང་དུ་མ་འཛུལ་གོང་དེར་གནམ་ཐང་དུ་བརྟག་དཔྱད་རིམ་པ་འགའ་ཞིག་བྱ་དགོས་ཤིང་། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མ་བརྒྱབ་པའི་རྩེད་འགྲན་པ་ཚོ་ཉི་མ་༢༡་ལ་ཟུར་འགོག་བྱས་ནས་ལྕགས་རིའི་ནང་ལོགས་སུ་གཏོང་གི་ཡོད་མོད། འོན་ཀྱང་ལྕགས་རིའི་ནང་ལོགས་སུའང་མི་༦༩་ལ་ནད་དུག་འགོས་པས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་བཀོད་སྒྲིག་ཚོགས་ཆུང་གི་ལས་སྣེ་ཚོས་ཏོག་དབྱིབས་ནད་དུག་འགོས་པའི་མི་གཅིག་ཀྱང་མེད་པར་གཏོང་རྒྱུ་ནི་ཡོང་ཐབས་བྲལ། རྩེད་འགྲན་འཚོགས་ཡུལ་གྱི་ལྕགས་རིའི་ནང་ལོགས་སུ་ནད་དུག་ཁྱབ་གདལ་མི་འགྲོ་བ་དང་ནད་དུག་འགོས་པ་ཚོ་མགྱོགས་མྱུར་གྱིས་ཟུར་འགོག་སྨན་བཅོས་བྱས་ནས་གཞན་ལ་བགོ་རུ་མི་འཇུག་པའི་ཐབས་ཇུས་བསྟེན་རྒྱུའི་ཐག་བཅད། པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཡུལ་གྱི་ལྕགས་རིའི་ནང་ལོགས་སུ་ནད་དུག་ཁྱབ་པའི་རྗེས་སུ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་དེས་ཁུངས་མ་འཁྱོལ་བ་ར་འཕྲོད། ༢༠༢༢་ལོའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྨན་པ་མཁས་པའི་ལྷན་ཚོགས་ཀྱིས་རྩེད་འགྲན་པ་ཚོར་ཉིན་ལྟར་བརྟག་དཔྱད་བྱས་ནས་ནད་དུག་ཁྱབ་གདལ་འགོག་ཐུབ་རྒྱུའི་རེ་ལྟོས་འཆང་གི་ཡོད་པའི་གནས་ཚུལ་ཐོན་འདུག

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་རྐྱེན་གྱིས་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་དཔལ་འབར་སྐོར་སྐྱོད་ཀྱི་ལམ་ཐག་ཐུང་དུ་བཏང་སྟེ་ལྕགས་རིའི་ནང་ལོགས་སུ་སྐོར་སྐྱོད་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་བདམས་གསེས་བྱས་པའི་སྤྱི་དམངས་ཉུང་ཤས་ཤིག་ལ་མ་གཏོགས་དཔལ་འབར་སྐོར་སྐྱོད་ལ་ལྟད་མོར་བལྟ་རུ་འཇུག་རྒྱུ་མིན་པ། རྒྱ་ནག་ཏུ་བཅའ་སྡོད་ཡུ་རོབ་རྒྱལ་ཁབ་གྷེ་རི་སིའི་གཞུང་ཚབ་པས་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་དཔལ་འབར་སྐོར་སྐྱོད་རྒྱ་ལམ་དང་སྲང་ལམ་ཁག་བརྒྱུད་ནས་འཁྱེར་ཐུབ་ཀྱི་མེད་པ་ནི་རྟེན་འབྲེལ་ངན་པ་ཞིག་རེད། འོན་ཀྱང་ང་ཚོར་བྱ་ཐབས་ཅི་ཞིག་ཡོད་ཅེས་བློ་འཚབ་ཀྱི་རྣམ་འགྱུར་བསྟན། ཁོང་ལ་གསར་འགོད་པ་ཚོས་༢༠༢༢་ལོའི་རྩེད་འགྲན་འདིར་ཏོག་དབྱིབས་ནད་དུག་གི་ཨོ་ལིམ་ཕིཀ་ཞེས་མིང་ཤས་ངན་པ་ཞིག་འཕོག་རྒྱུ་རེད་དམ་ཞེས་དྲིས། གྷེ་རི་སིའི་གཞུང་ཚབ་པས་མིའི་འཚོ་གནས་ནི་སུ་གཅིག་གིས་ཀྱང་འགོག་མི་ཐུབ། ང་ཚོས་ཀྱང་ནད་ཡམས་ལ་གང་ཐུབ་ཀྱིས་གདོང་ལེན་བྱ་དགོས། ད་ལྟ་གལ་འགངས་ཆེ་ཤོས་ནི་ང་ཚོ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ནད་ཡམས་ལ་འཐབ་རྒོལ་དང་ནད་ཡམས་ཀྱི་དཀའ་སྡུག་འོག་ནས་གྲོལ་ཐུབ་པ་ཞིག་བྱ་དགོས་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ལག་གྲུག་རྩེད་འགྲན་པ་གྲགས་ཅན་ཡའོ་མཱིང་དང་༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་གར་གྱི་དམག་ལ་ལག་འཛིང་ཐུག་ནས་རྨས་སྐྱོན་ཕོག་པའི་དམག་མི་ཞིག་གིས་རྒྱ་ནག་ལྕགས་རི་དང་གོང་མའི་དབྱར་གནས་ཕོ་བྲང་སོགས་བརྒྱུད་ནས་དཔལ་འབར་སྐོར་སྐྱོད་བྱ་རྒྱུ་མགོ་བརྩམས། རྒྱ་ནག་གི་སྲིད་བློན་གཞོན་པ་ཧན་ཀྲེང་གིས་དཔལ་འབར་ལ་མེ་སྒྲོན་ནས་ལོ་ན་༨༠་ཐམ་པར་སོན་པའི་རྒྱ་ནག་གི་འཁྱག་ཤུད་རྩེད་འགྲན་པ་གྲགས་ཅན་ལོའོ་ཀྲི་ཧོན་ལ་རྩིས་སྤྲད། གཟའ་པ་སངས་ཉིན་པེ་ཅིང་གི་བྱིའུ་ཚང་རྩེད་ཐང་དུ་དཔལ་འབར་སྐོར་སྐྱོད་མཇུག་བསྡུ་རྒྱུ། ༢༠༠༨་ལོར་པེ་ཅིང་ལ་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་པའི་སྐབས་སུ་དཔལ་འབྱོར་སྐོར་སྐྱོད་ཀྱི་ལམ་ཐག་རིང་པོ་ཡོད་ཀྱང་༢༠༢༢་ལོའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་དཔལ་འབར་སྐོར་སྐྱོད་དེའི་ལམ་ཐག་ཧ་ཅང་ཐུང་། ན་ནིང་ཕྱི་ཟླ་༡༠་པའི་ནང་དུ་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་དཔལ་འབར་དེ་རྒྱལ་སྤྱིའི་རྩེད་རིགས་འདིའི་འབྱུང་ཁུངས་ཡུ་རོབ་རྒྱལ་ཁབ་གྷེ་རི་སི་ནས་སྒྲོན་འགོ་ཚུགས་ཏེ་ཧི་པེ་ཞིང་ཆེན་གྱི་ཀྲང་ཅ་ཁུག་རྩེད་འགྲན་འཚོགས་སོགས་བརྒྱུད་ནས་པེ་ཅིང་ལ་འཁྱེར་གྱི་ཡོད་པ་རེད།།

ཨ་རིའི་ཨེཀ་སིའོ་སི་གསར་འགྱུར་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་འཛམ་གླིང་ཡོངས་ལ་མུ་མཐུད་དུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་དང་རྒྱ་ནག་གིས་ཕྱི་རྒྱལ་གྱི་ལྟད་མོ་བ་རྣམས་ཡོང་མི་ཆོག་ཅེས་བཀག དེ་བཞིན་རྒྱ་ནག་མི་མང་ལའང་ལྟད་མོའི་འཛིན་བྱང་མ་བཙོངས་པར་རྩེད་ར་དང་རྩེད་ཐང་རྣམས་སྟོང་པར་ལུས། རྒྱལ་སྤྱིའི་ཐོག་ཏུ་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། སོག་པོ་དང་ཧོང་ཀོང་བ། ཐེ་ཝན་པ་དང་འགྲོ་བ་མིའི་ཐོབ་དོན་གཉེར་བ་སོགས་ཀྱིས་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པས་རྒྱལ་སྤྱིའི་ཐོག་ཏུ་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་བརྙན་འཕྲིན་ནང་དུ་སྟོན་མཁན་ཇེ་ཉུང་དུ་སོང་། རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་རྒྱ་ནག་མི་མང་ལ་ཐུག་འཕྲད་བྱེད་དུ་མི་འཇུག་པ་དང་རྒྱལ་ཁབ་མང་དག་ཅིག་གིས་པེ་ཅིང་གི་རྩེད་འགྲན་སྒོ་འབྱེད་མཛད་སྒོ་སོགས་ལ་གཞུང་འབྲེལ་སྐུ་ཚབ་གཏོང་གི་མེད་པ་བཅས་ཀྱིས་ལོ་འདིའི་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་གཟི་བརྗིད་ཉམས་ཏེ་མངོན་ཆུང་དུ་འགྱུར་རྒྱུའི་ཉེན་ཁ་ཆེ། རྩེད་འགྲན་གང་འདྲ་ཞིག་ཡིན་རུང་རྩེད་ཐང་དང་རྩེད་ར་སོགས་ཀྱི་ནང་དུ་ལྟད་མོ་བ་མེད་པ་དང་ལྟད་མོ་བའི་ཀུ་ཅོ་མེད་ན་རྩེད་འགྲན་དེའི་བྲོ་བ་བརླགས། བརྙན་འཕྲིན་བརྒྱུད་ནས་ལྟ་མཁན་ཚོར་དེ་བས་ཀྱང་ལྟད་མོའི་བྲོ་བ་ཉམས། རྩེད་འགྲན་པ་ཚོར་སེམས་ཤུགས་འཕེལ་ནས་སྤྲོ་བ་སྐྱེ་མི་ཐུབ་པ་ཞིག་ཡིན་ཞིང་། ལྷག་པར་དུ་ལྟད་མོ་བའི་སྐད་ཅོར་བརྒྱབ་པ་དང་རྩེད་འགྲན་པ་ཚོར་སྐུལ་ལྕག་གཏོང་བ། རྩེད་འགྲན་པ་རྣམས་ཀྱི་ཕ་མ་སྤུན་མཆེད་དང་དགའ་ཉེ་གྲོགས་པོ་སོགས་ཀྱིས་ཤ་བསྒྲིམས་ཏེ་དངངས་འཚབ་ལངས་པ། ཁོ་ཚོས་དགའ་སྤྲོའི་མིག་ཆུ་བཏང་བ་སོགས་ནི་ཨོ་ལིམ་ཕིཀ་རྩེད་འགྲན་གཙོས་རྒྱལ་སྤྱིའི་རྩེད་རིགས་ཁག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་རུང་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་གྲུབ་ཆ་དེ་དག་མེད་པར་གྱུར།།

ཁ་སང་ཕྱི་ཟླ་༢་པའི་ཚེས་༡་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པ་སེ་ལི་ན་ཝང་གིས་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཡུལ་གྱི་ལྕགས་རིའི་ནང་དུ་འཛུལ་བར་སྔོན་ལ་ཤོག་གྲངས་༨༣་ཅན་གྱི་ལམ་སྟོན་ཡིག་ཆ་ཞིག་བཀླག་དགོས་ཀྱི་འདུག པེ་ཅིང་གི་རྩེད་མོར་མཉམ་ཞུགས་པ་ཚོས་རྩེད་འགྲན་སྔོན་གྱི་ཉིན་༡༤་རིང་གི་ཚ་དྲོད་ཀྱི་ཟིན་ཐོ་བཀོད་པ་རྣམས་བཀོལ་ཆས་ཤིག་གི་ནང་དུ་ཡར་འཇུག་བྱ་དགོས་པ་དང་ནད་རྟགས་ཐོན་པ་རྣམས་ཟུར་འགོག་བྱ་དགོས་ཀྱི་འདུག ང་ཚོ་པེ་ཅིང་གནམ་ཐང་ལ་འབྱོར་དུས་ནད་འགོག་གི་གྱོན་གོས་དཀར་པོ་གྱོན་པ་དང་ཁ་རས་བརྒྱབ་པའི་ལས་མི་ཚོས་འཕུར་ལམ་དང་འགྲུལ་པའི་ཅ་ལག་ལ་དུས་སེལ་བྱས་སོང་། གནམ་གྲུའི་ནང་ནས་ཕྱི་ལ་འབུད་པའི་འགག་སྒོའི་བར་གྱི་སྲང་ཤུར་ནི་སྨན་ཁང་ཞིག་གི་ནང་དུ་སྐྱོད་ཀྱི་ཡོད་པ་འདྲ་པོ་རེད། གནམ་ཐང་གི་ལས་སྣེ་ཚོས་ནད་འགོག་གི་གྱོན་གོས་དཀར་པོ་གོན་ནས་ཁ་རས་བརྒྱབ། གདོང་ཤེལ་གྱོན་ནས་འགྲུལ་པ་ཚོར་བསུ་བ་བྱེད་ཀྱི་འདུག པེ་ཅིང་རྒྱལ་སྤྱིའི་གནམ་ཐང་ནི་འཛམ་གླིང་གི་གནམ་ཐང་བྲེལ་འཚུབ་ཅན་ཞིག་ཡིན་རུང་ང་ཚོ་བསླེབས་སྐབས་དེར་མི་མེད་ལུང་སྟོང་རེད། ང་ཚོ་གནམ་ཐང་ནས་ལྕགས་རིའི་ནང་ལོགས་སུ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་དེའི་ཁ་ལོ་བ་དང་འགྲུལ་པ་ཚོའི་བར་མཚམས་བཅད་ནས་དབུགས་འགྲོ་ས་མི་འདུག གནམ་ཐང་ནས་རྩེད་འགྲན་འཚོགས་ཡུལ་དུ་བསྐྱོད་པའི་རྒྱ་ལམ་ཡང་ཁ་ཁ་རེད། པེ་ཅིང་གི་རྩེད་འགྲན་འཚོགས་ཡུལ་གྱི་ལྕགས་རི་ནི་དབྱིན་ལེ་༤༠་ཐམ་པའི་རྒྱ་ཁྱོན་ལ་བསྐོར་ཡོད་པ་དང་ཀྲང་ཅ་ཁུག་གངས་ཤུད་གཏོང་ཡུལ་དེར་དབྱིན་ལེ་༩༠་ཐམ་པའི་ཕན་ཆད་དུ་མི་ཡོང་མི་ཆོག་ཅེས་ལྕགས་རི་བསྐོར་འདུག པེ་ཅིང་དང་ཀྲང་ཅ་ཁུག་གཉིས་ཀྱི་བར་དུ་རྩེད་འགྲན་པ་ཚོར་དམིགས་བསལ་གྱི་མགྱོགས་མྱུར་མེ་འཁོར་བཀོད་སྒྲིག་བྱས་ཏེ་རྒྱ་ནག་མི་མང་རྣམས་མིག་གིས་མཐོང་སར་མི་འདུག པེ་ཅིང་གི་ཉེན་རྟོག་པ་ཚོས་ཨོ་ལིམ་ཕིཀ་རྩེད་འགྲན་པའི་རླངས་འཁོར་བརྡབས་སྐྱོན་བྱུང་ཡོད་པ་མཐོང་ན་དེ་ལ་སྐྱོབ་རོགས་བྱེད་མི་ཆོག རྒྱ་གཞུང་གིས་དམིགས་བསལ་གྱི་ཉེན་སྐྱོབ་པ་བཀྲམ་ཡོད་ཅེས་གྲོང་མི་ཚོར་བཀའ་བསྒྲགས། ༢༠༢༠་ལོའི་ཕྱི་ཟླ་༣་ནས་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་སྒོ་བརྒྱབ་ནས་པེ་ཅིང་གི་རྩེད་འགྲན་དུས་སུ་ནད་དུག་ཁྱབ་སྲིད་པར་སྔོན་འགོག་བྱ་རྒྱུ་འགོ་ཚུགས། ང་ཚོར་གནམ་ཐང་ནས་བརྟག་དཔྱད་བྱས་པའི་རྗེས་སུ་ཐད་ཀར་ཨོ་ལིམ་ཕིཀ་རྩེད་འགྲན་པའི་མགྲོན་ཁང་དུ་ཁྲིད་བྱུང་། ངས་མགྲོན་ཁང་དུ་ཆུ་ཚོད་དྲུག་ལ་གནམ་ཐང་ནས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལ་སྒུག་པ་ཡིན། མཐར་ང་ལ་ནད་རྟགས་མེད་པའི་གྲུབ་འབྲས་ཐོན་ཏེ་བློ་བདེ་པོ་བྱུང་སོང་ཞེས་གནས་ཚུལ་སྤེལ་འདུག

XS
SM
MD
LG