ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཐེ་ཝན་གྱི་རུ་ཁག་པེ་ཅིང་གི་རྩེད་འགྲན་སྒོ་འབྱེད་མཛད་སྒོར་ཞུགས་རྒྱུ། 


༄༅།། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱི་བཀོད་ཁྱབ་ལྟར་ཐེ་ཝན་གྱི་རུ་ཁག་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་དང་མཇུག་བསྡུའི་མཛད་སྒོ་གཉིས་ལ་མཉམ་ཞུགས་བྱ་རྒྱུའི་མོས་མཐུན་བྱས་འདུག ཕྱི་ཟླ་༢་པའི་ཚེས་༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་ཨོ་ལིམ་ཕིཀ་ཚོགས་ཆུང་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱིས་བཀོད་ཁྱབ་ཐེངས་འགའ་ཞིག་བཏང་སྟེ་༢༠༢༢་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་ཞུགས་མཁན་རུ་ཁག་ཚང་མ་པེ་ཅིང་གི་རྩེད་འགྲན་དེའི་སྒོ་འབྱེད་དང་མཇུག་བསྡུའི་མཛད་སྒོ་གཉིས་ལ་མཉམ་ཞུགས་བྱ་དགོས་ཞེས་བཀའ་བཏང་སོང་། ཐེ་ཝན་གྱི་རྩེད་འགྲན་པ་རྣམས་འགྲན་སྡུར་གཅིག་པུ་མིན་པར་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་ཁག་ལའང་མཉམ་ཞུགས་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ། རྒྱ་ནག་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། ཐེ་ཝན་གྱི་བདག་དབང་རྒྱ་ནག་ལ་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་པས་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་དང་མཇུག་བསྡུའི་མཛད་སྒོའི་སྐབས་སུ་ཐེ་ཝན་གྱི་གནས་ཐོབ་དམའ་རུ་བཏང་སྟེ་ཧོང་ཀོང་གི་རྩེད་འགྲན་པའི་མཉམ་དུ་འཇོག་སྲིད་པའི་ཉེན་ཁ་ཆེ། དེར་བརྟེན་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཐེ་ཝན་གཞུང་གིས་རང་གི་རྩེད་འགྲན་པ་༤་ཏོག་དབྱིབས་ནད་དུག་གི་བཀག་སྡོམ་སྒྲིག་ཁྲིམས་དང་གནམ་གྲུ་དལ་འགོར་སོགས་ཀྱིས་པེ་ཅིང་གི་རྩེད་འགྲན་དེའི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱ་འཆར་མེད་ཅེས་གསལ་བསྒྲགས་སྤེལ། ཐེ་ཝན་ནི་ཚ་བའི་ཡུལ་ལུང་ཞིག་ཡིན་པས་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་སྐབས་སུ་རྟགས་མ་གཅིག་ཀྱང་ཐོབ་མྱོང་མེད་པ་དང་༢༠༡༨་ལོར་ལྷོ་ཀོ་རི་ཡར་ཚོགས་པའི་ཨོ་ལིམ་ཕིཀ་རྩེད་འགྲན་དུས་སུའང་རྩེད་འགྲན་པ་༤་བཏང་འདུག

ཐེ་ཝན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་ལེན་བྱེད་ཀྱི་མེད་པས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཁང་གིས་མཚོ་གླིང་དེའི་རྩེད་འགྲན་པ་ཚོར་ཐེ་ཝན་གྱི་རུ་ཁག་ཅེས་མིང་བྱང་འཁྱེར་དུ་འཇུག་མ་ཐུབ་པར་ཀྲུང་ཧྭ་ཐེ་པེའི་རུ་ཁག་ཅེས་མིང་བཏགས། ཕྱི་ཟླ་དང་པོའི་ཚེས་༢༦་ཉིན་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་ལས་སྣེ་ཚོས་ཀྲུང་གོའི་ཐེ་པེ་རུ་ཁག་ཅེས་མིང་འབོད་བྱས་པར་ཐེ་ཝན་གཞུང་གིས་ངོ་རྒོལ་བྱས་ཤིང་། རྒྱ་སྐད་ཀྱི་ཀྲུང་གོ་ཞེས་པའི་མིང་ཚིག་དེ་རྒྱ་ནག་རྒྱལ་ཁབ་གཅིག་པུར་གོ་དགོས་པ་དང་ཀྲུང་ཧྭ་ཞེས་པའི་མིང་ཚིག་གིས་རྒྱ་མི་རིགས་དང་རྒྱ་ནག་གི་རིག་གཞུང་སོགས་མཚོན་གྱི་ཡོད་པས་ཐེ་ཝན་གཞུང་ཀྲུང་ཧྭ་ཐེ་པེའི་རུ་ཁག་ཅེས་པའི་མིང་བྱང་ལ་མོས་མཐུན་དང་ཀྲུང་གོའི་ཐེ་པེའི་རུ་ཁག་ཅེས་པའི་མིང་བྱང་ལ་མ་འཐད། ཐེ་ཝན་གྱི་རུ་ཁག་ཁོངས་སུ་མི་༡༥་ཡོད་པ་དེ་དག་གི་གྲས་ཀྱི་མི་ཅི་ཙམ་དགེ་རྒན་དང་ལུས་རྩལ་པ་ཡིན་མིན་གསལ་བཀྲོལ་མ་བྱུང་། ཐེ་ཝན་གཞུང་གིས་ང་ཚོས་རང་གི་རྩེད་རིགས་འཛིན་སྐྱོང་ལྷན་ཁང་གི་ལས་སྣེ་ཚོར་གྲོས་སྡུར་ལྷུག་པོ་བྱས་པ་ཡིན། ང་ཚོས་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་ལྟ་བ་བཟུང་ནས་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱི་ཐག་གཅོད་ལ་གོང་བཀུར་དང་མཐུན་ལམ། ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱི་སྲིད་ཇུས་ལ་མཉམ་འབྲེལ་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། རྒྱ་ནག་གིས་ཐེ་ཝན་གྱི་གནས་ཐོབ་དམའ་རུ་བཏང་སྟེ་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་སྲིད་པ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་ལྷན་ཚོགས་ཀྱིས་འགོག་དགོས་ཞེས་བསྒྲགས། ཐེ་ཝན་གྱི་རྩེད་འགྲན་པ་ཚོ་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཧ་ཅང་སྡུག་ཏུ་ཕྱིན་ཡོད་པའི་སྐབས་སུ་པེ་ཅིང་གི་རྩེད་འགྲན་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གིས་རྟག་ཏུ་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་འཐབ་གནམ་གྲུ་དང་ཐེ་ཝན་མཚོ་འགག་ཏུ་དམག་གྲུ་བཏང་ནས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ།།

གཟའ་མིག་དམར་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐབས་རྡུགས་ཡོད་པ་བཅས་ཀྱིས་རྒྱལ་ཁབ་མང་དག་ཅིག་གིས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་སོགས་ལ་གཞུང་འབྲེལ་སྐུ་ཚབ་གཏོང་གི་མེད་མོད། འོན་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་པོ་ལན་ཌི། སར་བྷི་ཡ་དང་ལག་སིམ་བྷག མོ་ན་ཀོ་དང་ཁེམ་བྷོ་ཌི་ཡ། སོག་ཡུལ་དང་པ་ཀི་སི་ཐན། ཨར་ཆིན་ཊི་ན་དང་ཁ་ཊར། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་སིངྒ་པུར་སོགས་རྒྱལ་ཁབ་ཁག་ཅིག་གིས་པེ་ཅིང་གི་རྩེད་འགྲན་སྒོ་འབྱེད་མཛད་སྒོར་གཞུང་འབྲེལ་སྐུ་ཚབ་གཏོང་གི་ཡོད་པའི་གནས་ཚུལ་ཐོན། ཞིས་ཅིན་ཕིང་གིས་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོའི་གཏམ་བཤད་བྱ་རྒྱུ་དང་གཟའ་མཇུག་དེར་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོར་གནས་སྣེ་ཞུ་རྒྱུའི་འཆར་གཞི་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་གསལ་བསྒྲགས་སྤེལ། ཨ་མི་རི་ཀ་དང་ཨོ་གླིང་། དབྱིན་ཇི་དང་ཁེ་ན་ཌ། ལི་ཐུ་ཝེ་ཎི་ཡ་དང་ཌན་མག་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་གི་འདུག ང་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་ངོ་རྒོལ་བྱས་ནས་པེ་ཅིང་གི་རྩེད་འགྲན་དེའི་སྒོ་འབྱེད་མཛད་སྒོ་སོགས་ལ་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་ཞེས་ཐག་བཅད། ཨོ་སི་ཊི་རི་ཡ་དང་བྷེལ་ཇམ། ནེ་དྷར་ལན་ཌི་དང་ལཱ་ཊི་ཝི་ཡ། སུད་ཌན་དང་ཨེ་སི་ཊོ་ཎི་ཡ། ནེའུ་ཛི་ལན་ཌི་དང་ཉི་ཧོང་བཅས་ཀྱིས་ཏོག་དབྱིབས་ནད་དུག་ལ་འཛེམ་ཟོན་ཆེད་དུ་པེ་ཅིང་གི་རྩེད་འགྲན་དེའི་སྒོ་འབྱེད་མཛད་སྒོ་ཁག་ལ་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་ཞེས་ཐག་བཅད།།

༢༠༢༠་ལོ་ཕྱི་ཟླ་དང་པོའི་ནང་དུ་ཞིས་ཅིན་ཕིང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འབར་མར་འཚམས་འདྲིར་བསྐྱོད་པའི་རྗེས་སུ་རྒྱ་ནག་གི་ཕྱི་ལོགས་སུ་མ་ཐོན། གཟའ་པ་སངས་འདིར་ཞིས་ཅིན་ཕིང་གིས་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོའི་སྐབས་སུ་ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་མང་དག་ཅིག་ལ་ཐུག་འཕྲད་བྱ་འཆར་ཡོད་པའི་གནས་ཚུལ་ཐོན། ཞིས་ཅིན་ཕིང་གིས་ཨོ་ལིམ་ཕིཀ་རྩེད་འགྲན་བརྒྱུད་ནས་སྲིད་དབང་སྲ་བརྟན་དང་རྒྱ་ནག་གི་གཟི་བརྗིད་ངོམ་པའི་གོ་སྐབས་ཤིག་དམ་འཛིན་བྱེད་ཐུབ་པའི་རེ་ལྟོས་འཆང་། འོན་ཀྱང་ཏོག་དབྱིབས་ནད་དུག་ཁྱབ་ནས་རྒྱ་ནག་གཞུང་གིས་མི་གྲངས་ས་ཡ་མང་པོ་རང་ཁྱིམ་དུ་བཀག་སྟེ་སྒོ་རྒྱ་བསྡམས། ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་དང་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་དམག་གྲ་བསྒྲིགས། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་པེ་ཅིང་གི་དབང་འཛིན་པ་ཚོས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་ཁང་དུ་བཅུག་སྟེ་མནར་གཅོད་གཏོང་བ། དེ་བཞིན་བོད་པ་དང་སོག་པོ་སོགས་གྲངས་ཉུང་མི་རིགས་གཞན་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པ་བཅས་ཀྱིས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་འདི་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པ་ཞིག་ཡོང་ཐུབ་ཀྱི་མེད་པར་མ་ཟད། ཨ་རིའི་ལོ་སི་ཨན་ཇཱི་ལི་སི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱི་འགོ་ཁྲིད་ཚོས་དངུལ་སྒོར་གྱི་ཡོང་འབབ་ལ་བལྟས་ནས་པེ་ཅིང་ལ་༢༠༢༢་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཡུལ་བདམས་པ་རེད། ཁོ་ཚོས་དངུལ་སྒོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་མེད་པར་པེ་ཅིང་ལ་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་དགོས་པའི་ཐག་གཅོད་བྱས་པ་ཡིན་ཟེར་གྱི་ཡོད་པ་ནི་བདེན་གཏམ་མ་རེད་ཅེས་རྩོམ་ཡིག་བཀོད།།

ཐེ་ཝན་དུ་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ལྷོ་སོག་པོ་དང་ཧོང་ཀོང་བ། ཐེ་ཝན་པ་སོགས་ཀྱིས་པེ་ཅིང་ཨོ་རྩེད་ལ་ངོ་རྒོལ་བྱེད་བཞིན་པ།
ཐེ་ཝན་དུ་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ལྷོ་སོག་པོ་དང་ཧོང་ཀོང་བ། ཐེ་ཝན་པ་སོགས་ཀྱིས་པེ་ཅིང་ཨོ་རྩེད་ལ་ངོ་རྒོལ་བྱེད་བཞིན་པ།

པེ་ཅིང་ལ་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་རྒྱུའི་ཐག་གཅོད་བྱས་པར་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ལྷོ་སོག་པོ་དང་ཧོང་ཀོང་བ། ཐེ་ཝན་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱིས་ཟླ་བ་མང་པོར་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་ཁུངས་མདུན་དང་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་དཔལ་འབར་སྒྲོན་ཡུལ། པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་འགྲོ་གྲོན་བཏང་ནས་ཚོང་ལས་གཉེར་གྱི་ཡོད་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། ཕྱི་ཟླ་༡༡་པ་ནས་རྒྱ་ནག་གི་དྲྭ་གྲུག་རྩེད་འགྲན་པ་གྲགས་ཅན་ཕེང་ཧྲུའེ་གར་སོང་ཆ་མེད་དུ་གྱུར་པ་སོགས་ཀྱིས་ཨོ་ལིམ་ཕིཀ་རྩེད་འགྲན་དེ་འགྲོ་བ་མིའི་ཐོབ་ཐང་ཞིག་ལ་གྱུར་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་ལ་ནག་ཐིག་ཆེན་པོ་ཞིག་ཕོག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཛིན་སྐྱོང་འགན་འཛིན་ཁེ་ཎི་ཐེ་རོ་ཐེས་ཨོ་ལིམ་ཕིཀ་རྩེད་འགྲན་ནི་དགའ་སྤྲོའི་ལྟད་མོ་ཞིག་རེད། དེ་ལ་རྟེན་འབྲེལ་ཞུ་དགོས་པ་ཞིག་ཡིན་རུང་རྒྱ་ནག་གིས་ཨོ་ལིམ་ཕིཀ་རྩེད་འགྲན་དེ་ཆབ་སྲིད་ཀྱི་གཉའ་གནོན་བྱེད་ཀྱི་ཡོད་པ་འགེབས་ཐབས་ཤིག་ལ་བཀོལ་སྤྱོད་གཏོང་གི་འདུག་ཅེས་བྲིས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྣམ་འགྱུར་སྟོན་སྲིད་པས་རྒྱ་ནག་གཞུང་གིས་རྩེད་འགྲན་པའི་སྨྲ་བརྗོད་རང་དབང་དང་ཕྱི་རྒྱལ་བའི་གསར་འགོད་རང་དབང་ལ་དམ་དྲག་ནན་པོ་བྱ་རྒྱུའི་རྟགས་མཚན་བསྟན། རྒྱ་ནག་གི་ས་ཐོག་ཏུ་རྒྱལ་ཁབ་༣༠་ལྷག་གི་གསར་འགོད་པ་༡༢༧་ཡོད་ཀྱང་རྒྱ་ནག་གིས་དམ་དྲག་བྱས་པའི་སྟབས་ཀྱི་གསར་འགོད་མང་ཆེ་བ་རྒྱ་ནག་ནས་ཐེ་ཝན་ལ་སྤོར་དགོས་བྱུང་ཞིང་། འཛམ་གླིང་གི་སྨན་པ་དང་ཚན་རིག་མཁས་པ་ཚོས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་རྗེས་སུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG