ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བྱེས་ཀྱི་གདན་ས་གསུམ་ལ་སྨོན་ལམ་མདོར་བསྡུས་ཚོགས་པ།


Monlam festival South India 2019
Monlam festival South India 2019

༄༅།། ད་ལོ་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་བོད་ཀྱི་ཆོས་ཕྱོགས་དུས་ཆེན་གལ་འགངས་ཆེ་ཤོས་ཀྱི་གྲས་ཏེ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བྱེས་ཀྱི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གྱིས་མཚོན་པའི་དགོན་སྡེ་ཁག་ཏུ་རྒྱས་པོ་ཞིག་ཚོགས་མ་ཐུབ་པར་ཁུངས་སོ་སོར་མཛད་རིམ་མདོར་བསྡུས་རེའི་འཚོགས་དགོས་བྱུང་ཡོད་པ་རེད། དེ་ཡང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེས་ལོ་འདིའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཏོག་དབྱིབས་ནད་དུག་སྔོན་འགོག་ཀྱི་ཐབས་ལམ་བསྟུན་ནས་འཚོགས་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ལྟར་གདན་ས་གསུམ་དང་གྲྭ་ཚང་ཁག་དྲུག་གི་མཁན་ལས་ཟུར་རྣམས་གྲོས་སྡུར་གྱིས་དགའ་ལྡན་ཁྲི་རིན་པོ་ཆེའི་བཀའ་འཁྲོལ་ཐོབ་སྟེ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཛད་རིམ་ལ་མང་ཇ་ཚོགས་ཐེངས་གཉིས་ཉུང་དུ་བཏང་ཞིང་། སྨོན་ལམ་ཚོགས་མཁན་དགེ་འདུན་པའི་ཞལ་གྲངས་ཀྱང་ཉུང་དུ་བཏང་སྟེ་གྲྭ་ཚང་རེ་ནས་དགེ་འདུན་པ་༡༥༠་ལས་མ་མང་བ། ཚོགས་ཡུན་ཉིན་བདུན་ནས་ལྔ་བར་དུ་ཇེ་ཉུང་ལ་བཏང་བ། ཚོགས་ཡུལ་གདན་ས་ཁག་སོར་སོར་འཚོགས་བཞིན་ཡོད་པ་རེད་འདུག

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་དང་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ། དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་གྱིས་འདི་གའི་གསར་འགོད་པར་གསུངས་པ་ལྟར་ན། བོད་ཀྱི་ལོ་རྒྱུས་སུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་གདན་ས་སེ་འབྲས་དགེ་གསུམ་གཙེས་དགོན་སྡེ་ཁག་གི་དགེ་འདུན་པ་ཞལ་གྲངས་ཁྲི་ཚོ་ལྷག་ལྷ་ལྡན་གཙུག་ལག་ཁང་དུ་བོད་ཟླ་དང་པོའི་ཚེས་༣་ནས་ཚེས་༢༥་བར་དུ་མཉམ་དུ་འཚོགས་སྲོལ་ཡོད་ཅིང་། བཙན་བྱོལ་སྤྱི་ཚོགས་སུ་དེ་སྔ་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་དང་བསྟུན་ནས་དུས་ཚོད་ངེས་མེད་དུ་གདན་ས་གསུམ་མཉམ་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཕར་མ་ཐེངས་འགའ་ཞིག་ཚོགས་པ་རེད། དེ་མིན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྔར་སྲོལ་ལྟར་བོད་ཟླ་དང་པོའི་ནང་དུ་དགའ་ལྡན་དང་འབྲས་སྤུངས་གཉིས་མཉམ་དུ་ཚོགས། སེ་ར་ཐེག་ཆེན་གླིང་ལོགས་སུ་འཚོགས་ཀྱི་ཡོད་སྟབས་གདན་ས་གསུམ་མཉམ་དུ་ཚོགས་ཐུབ་ཀྱི་མེད་པ་རེད། དེའི་རྒྱུ་རྐྱེན་ནི་སེ་ར་དང་དགའ་ལྡན་འབྲས་སྤུངས་བཅས་ཀྱི་བར་དུ་ས་ཐག་རིང་པོ་ཡོད་པའི་སྟབས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།།

རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་ཕྱི་ལོ་༡༩༥༩་ལོའི་གཞུག་ནས་ཕྱི་ལོ་༡༩༨༦་ལོ་བར་དུ་ལོ་༢༦་གི་རིང་ལ་སྨོན་ལམ་ཆེན་མོ་ཚོགས་ཐུབ་མེད་ཅིང་། བོད་ནང་གི་སྨོན་ལམ་ལོ་ཆེན་མོ་མཐའ་མ་ནི་༡༩༥༩་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། ༡༩༦༠་ཐམ་པའི་ལོར་སྦག་ས་ཆོས་སྒར་གྱི་དགེ་འདུན་པ་ཞིག་གིས་སྦྱིན་བདག་གནང་སྟེ་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ཞལ་གྲངས་༥༠༠་ཐམ་པ་གནས་མཆོག་རྡོ་རྗེ་གདན་དུ་གདན་འདྲེན་ཞུས་ནས་བཙན་བྱོལ་སྤྱི་ཚོགས་སུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་དང་པོ་ཚོགས། དུས་དེ་ནས་བཟུང་སྟེ་སྨོན་ལམ་ཆེན་མོ་གཏན་ནས་ཆད་མྱོང་ཡོད་པ་མ་རེད་ཅེས་སྐབས་དེར་གནས་མཆོག་རྡོ་རྗེ་གདན་གྱི་སྨོན་ལམ་ལ་ཞུགས་ཤིང་། ད་ལྟ་དགུང་གྲངས་༨༨་ལ་ཕེབས་པའི་སེ་ར་ཐེག་ཆེན་གླིང་། སེར་སྨད་ཡེར་པ་ཁང་ཚན་དུ་བཞུགས་པའི་དགེ་བཤེས་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།།
བཀྲ་ཤིས་ལྷུན་པོ་དང་བརྒྱུད་སྨད་གྲྭ་ཚང་། རྫོང་ཆོས་གྲྭ་ཚང་སོགས་ལའང་ཁུངས་སོ་སོར་སྨོན་ལམ་འཚོགས་བཞིན་ཡོད་ཅིང་། འདི་ལོ་སྨོན་ལམ་སྐབས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་མཁན་དགེ་བཤེས་བརྒྱ་ཙམ་ཡོད་པར་མ་ཟད། དུས་རྒྱུན་ཡིན་ན་བོད་ཚེས་བཅོ་ལྔའི་ཉིན་མང་ཚོགས་ལ་བཅོ་ལྔ་མཆོད་པའི་མཇལ་ཁ་གཏོང་བ་དང་མཆོད་པའི་གླུ་གར་གཟིགས་འབུལ། ཆོ་འཕྲུལ་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་སྲོལ་ཡོད་མོད། འོན་ཀྱང་ད་ལོ་ནད་ཡམས་སྔོན་འགོག་ཆེད་དུ་མང་ཚོགས་ལ་བཅོ་ལྔ་མཆོད་པའི་མཇལ་ཁ་མེད་པར་བཏང་འདུག་པ་བཅས་ཀྱི་སྒོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG