ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བོད་ནང་གི་གདན་ས་གསུམ་ལ་སྨོན་ལམ་འཚོགས་བཞིན་པ།


༄༅།། འདི་ལོ་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་འདུ་འཛོམ་གྱི་བྱེད་སྒོ་ཁག་སྤེལ་རྒྱུར་དཀའ་ངལ་འཕྲད་བཞིན་པ་ལྟར་བོད་ཀྱི་ལོ་སར་གོང་དུ་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་བརྡ་ཁྱབ་ཅིག་བཏང་ནས་སེ་རའི་ཕུར་མཇལ་དང་གཙུག་ལག་ཁང་སོགས་དགོན་སྡེ་ཁག་ལ་མཆོད་མཇལ་དུ་གཏང་རྒྱུ་མིན། ཆོས་ལུགས་ཀྱི་བྱེད་སྒོ་ཆེ་ཁག་རྣམས་གནས་སྐབས་རིང་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བསྒྲགས། འོན་ཀྱང་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་སུ་ཆགས་པའི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་སོགས་དགོན་སྡེ་ཁག་ལ་ལོ་འདིར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བོད་ཟླ་དང་པོའི་ཚེས་༧་ཉིན་གྲལ་འཛིན་དང་ཚེས་༨་ནས་སྨོན་ལམ་དངོས་གཞི་འགོ་འཛུགས་ཀྱིས་བོད་ཚེས་༡༦་བར་དུ་ཉིན་༨་ལ་གདན་ས་སོ་སོར་སྨོན་ལམ་འཚོགས་བཞིན་ཡོད་ཅིང་། མང་ཚོགས་རྣམས་མཆོད་མཇལ་ལ་གཏོང་གི་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་འགྲེལ་བརྗོད་གནང་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་འགྲེལ་བརྗོད་གནང་དོན་ལྟར་ན། བོད་ལ་ཆོས་དད་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་ཏེ་གདན་ས་སེ་འབྲས་དགེ་གསུམ་སོགས་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལྷ་སའི་གཙུག་ལག་ཁང་དུ་༡༩༨༦་ནས་༡༩༨༨་བར་དུ་ལོ་གསུམ་ལ་མཉམ་དུ་སྨོན་ལམ་ཚོགས་ཐུབ་པ་རེད། ལོ་དང་པོ་དེར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་སྨོན་ལམ་གྱི་ཁྲི་པ་མཛད། ༡༩༩༩་ནས་གདན་ས་གསུམ་མཉམ་དུ་སྨོན་ལམ་ཆེན་མོ་ཚོགས་མ་ཐུབ་པར་རང་དགོན་སོ་སོར་འཚོགས་བཞིན་ཡོད་པ་རེད། དེ་དུས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དགེ་འདུན་པ་རེར་སྐུ་འགྱེད་རྒྱ་སྒོར་༡༠་དང་དེའི་རྗེས་སུ་རྒྱ་སྒོར་༡༥་རེ་ཕུལ་ཏེ་བོད་ཚེས་༡༠་ཉིན་མོར་ཉིན་འཁྱོངས་སྦྱིན་བདག་བྱེད་སྲོལ་ཡོད་ཅིང་། དེང་སང་སྐུ་ཡོན་འཕར་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་། ད་ལོ་སེ་ར་དང་དགའ་ལྡན། འབྲས་སྤུངས་བཅས་ཁུངས་སོ་སོར་སྨོན་ལམ་ཆེན་མོ་འཚོགས་བཞིན་པའི་བརྙན་ཐུང་དང་འདྲ་པར་སོགས་གཅིག་ཀྱང་འབྱོར་མ་བྱུང་བར་མ་ཟད། སྨོན་ལམ་མཇལ་ཁ་དང་མཆོད་མཇལ་ལ་ཕེབས་མཁན་གྲས་ཀྱི་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་སོ་སོའི་ནང་མི་རྣམས་གདན་ས་སེ་འབྲས་དགེ་གསུམ་དང་གཙུག་ལག་ཁང་། རྒྱུད་གྲྭ་སྟོད་སྨད་གཉིས་དང་ཀུན་བདེ་གླིང་སོགས་ལྷ་སའི་དགོན་སྡེ་ཁག་ལ་མཆོད་མཇལ་དང་དགེ་འདུན་པར་སྐུ་འགྱེད་འབུལ་བཞིན་ཡོད་ཅེས་ས་གནས་ས་ཐོག་ཏུ་འགྲེལ་བརྗོད་གནང་སོང་།།

བོད་ལ་དུས་འགྱུར་མ་བྱུང་གོང་དུ་བོད་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡེར་པ་ཁང་ཚན་གྱི་སློབ་གཉེར་བ་ཡིན་ཞིང་། ད་ལྟ་བྱེས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་སེར་སྨད་ཡེར་པ་ཁང་ཚན་དུ་བཞུགས་པའི་དགུང་གྲངས་༨༨་ལ་ཕེབས་པའི་དགེ་བཤེས་བསྟན་འཛིན་ཆོས་འཕེལ་ལགས་སུ་བོད་ལ་དུས་འགྱུར་མ་བྱུང་སྔོན་དང་དེང་སང་བོད་ཕྱི་ནང་གཉིས་སུ་འཚོགས་བཞིན་པའི་སྨོན་ལམ་ཆེན་མོར་ཁྱད་པར་ཅི་ཞིག་འདུག་ཅེས་དྲིས། ཁོང་གིས་དེང་སང་གི་སྨོན་ལམ་ཆེན་མོ་ནི་མིང་ཙམ་མ་གཏོགས་སྔོན་མ་ཇི་བཞིན་ཆ་ཚང་བ་ཞིག་མི་འདུག་ཅེས་ལན་འདེབས་གནང་སོང་། ཁོང་ལ་རྒྱ་ནག་གཞུང་གིས་བོད་ནང་ལོགས་སུ་སྨོན་ལམ་ཆེན་མོ་བཀོད་སྒྲིག་བྱེད་ཀྱི་ཡོད་པར་གཟིགས་ཚུལ་ཅི་ཡོད་དྲིས་པར་རྒྱ་གཞུང་གིས་འཛམ་གླིང་ལ་ཆོད་དད་རང་མོས་ཡོད་པའི་རྣམ་པ་སྟོན་ཐབས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཡིན་པ་ལས་སེམས་གཏིང་ནས་སྨོན་ལམ་ཆེན་མོ་འཚོགས་ཆོག་པའི་བཀོད་སྒྲིག་བྱས་པ་ཞིག་མ་རེད་ཅེས་གསུངས་སོང་།།
རྒྱ་ནག་གཞུང་གིས་བོད་ལ་ཆོས་དད་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་པའི་རྗེས་སུ་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་མཉམ་དུ་ལྷ་སའི་གཙུག་ལག་ཁང་དུ་ལོ་གསུམ་ལ་སྨོན་ལམ་མཉམ་ཚོགས་ཐུབ་ཀྱང་ཕྱི་ལོ་༡༩༨༧་དང་༡༩༨༨་ལོར་ལྷ་སར་བོད་པའི་ཞི་བའི་ངོ་རྒོལ་ལས་འགུལ་ལངས་པའི་གཞུག་ཏུ་ངོ་རྒོལ་ལས་འགུལ་མི་འབྱུང་བའི་ཆེད་དུ་༡༩༩༩་ལོ་ནས་གཙུག་ལག་ཁང་དུ་སྨན་ལམ་མཉམ་ཚོགས་བྱ་རྒྱུ་མེད་པར་བཟོས་འདུག ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་སྟོན་པ་ཤཱཀྱ་ཐུབ་པས་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་བདུད་དང་མུ་སྟེགས་པ་ཚོར་ཆོ་འཕྲུལ་འགྲན་ནས་ཆོ་འཕྲུལ་སྣ་ཚོགས་ཀྱིས་ཚར་བཅད་པར་རྗེས་དྲན་གྱི་ཚུལ་དུ་རྒྱ་གར་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཆོ་འཕྲུལ་དུས་ཆེན་བཙུགས་ནས་ཡུལ་ལུང་ཀུན་ཏུ་བཀྲ་ཤིས་ལོ་ལེགས་དང་དུས་བདེ་ཞོད་འཇགས་བྱུང་། ཕྱིས་སུ་བོད་གངས་ཅན་གྱི་ལྗོངས་ལ་ཡོངས་གྲགས་སུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་རྒྱ་གར་ལ་དར་བའི་ཆོ་འཕྲུལ་དུས་ཆེན་དེ་རྒྱུན་འཛིན་སླད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་སྟེ། ༡༤༠༩་ལོར་བོད་ལ་སྨོན་ཆེན་མོ་གསར་འཛུགས་གནང་སྟེ་ལོ་༦༠༠་ལྷག་ཕྱིན་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG