ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨེ་ཤི་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐེངས་༡༣་པའི་གྲོས་ཆོད།


༄༅།། ཨེ་ཤི་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐེངས་༡༣་པའི་ཐོག་ཏུ་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཐག་གཅོད་སྐུ་དབང་ནི་དེང་འདིར་འཚོ་ཞིང་གཞེས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གང་ཉིད་འབའ་ཞིག་ཡོད་པ་ལས་གཞན་པ་སུ་གཅིག་ལ་མེད་ཅེས་གྲོས་ཆོད་བཞག་ཅིང་། དེ་ཡང་ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་ཨེ་ཤི་ཡའི་ནང་པའི་ཡུལ་གྲུ་ཁག་གཙོས་རྒྱལ་ཁབ་ཉེར་ལྔའི་སྐུ་ཚབ་རྣམས་དྲྭ་ལམ་དུ་ལྷན་འཛོམས་ཀྱིས་ཨེ་ཤི་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་གྱི་ཚོགས་འདུ་ཚོགས། ད་ལོའི་ལྷན་ཚོགས་ཐོག་ཏུ་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་འབྲེལ་བ་ཡོད་པའི་གྲོས་ཆོད་དོན་ཚན་གསུམ་བཞག་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལྷན་ཚོགས་དེར་མཉམ་ཞུགས་གནང་སྟེ་གྲོས་ཆོད་དོན་ཚན་གསུམ་གྱི་འབྲུ་དོན་ཁག་གསལ་བཀྲོལ་གནང་སོང་།།

ད་ཐེངས་ཀྱི་ལྷན་ཚོགས་དེ་སིངྒ་ལའི་རྒྱལ་ས་ཀོ་ལོམ་བྷོ་གྲོང་ཁྱེར་དུ་ཕྱག་བཏབ་ཡོད་པའི་དཔལ་སམ་བྷོ་དྷི་ཝྭི་ཧ་ར་ཡ་དགོན་པའི་གཙོ་སྐྱོང་འོག་ཚོགས་འདུག ཆོས་རིག་བཀའ་བློན་ཚོགས་ཆེན་དེར་ཞུགས་ནས་མ་འོངས་པར་༧གོང་ས་ཏཱ་ལའི་བླ མ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་བོད་ནང་གི་ཆོས་དད་རང་དབང་བཅས་ཀྱི་གནས་སྟངས་རྣམས་སྙན་གསེང་ཞུས། ཁོང་གིས་ཨེ་ཤི་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ནི་ལོ་བཅུ་ཕྲག་ཁ་ཤས་ཀྱི་གོང་དུ་བཙུགས་པའི་ལྷན་ཚོགས་རྙིང་པ་ཞིག་ཡིན་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་དང་ཆེས་མཐོང་ཐོབ་པའི་ལྷན་ཚོགས་ཤིག་ཀྱང་ཡིན་ཞིང་། བར་སྐབས་ཤིག་ནས་ལྷན་ཚོགས་དེའི་ལས་དོན་ཁག་འཐུས་ཤོར་དང་ཉམས་རྒུད་ཕྱིན་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་དང་རྒྱབ་སྐྱོར་གནང་ནས་སླར་གསོ་བྱུང་བ་རེད། ༢༠༢༡་ལོའི་ལྷན་ཚོགས་ཐོག་ཏུ་གྲོས་ཆོད་འཇོག་ཐུབ་ཡོད་པར་དགའ་ཚོར་བྱུང་སོང་ཞེས་གསུངས་འདུག

ཕྱི་ལོ་༢༠༡༩་ལོར་ཨེ་ཤི་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐེངས་༡༡་པ་སོག་པོའི་རྒྱལ་ས་ཨུ་ལན་བྷ་ཏོར་ཚོགས། ལྷན་ཚོགས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུང་འཕྲིན་སྩལ། བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་གཞན་རྣམས་ལྷན་ཚོགས་དེར་མཉམ་ཞུགས་གནང་སྟེ་ཆོས་རིག་བཀའ་བློན་དང་ལྷན་ཁང་གི་སྐུ་ཚབ་རྣམས་ཀྱང་ཆེད་ཕེབས་གནང་རྒྱུ་གཏན་ཁེལ་ཟིན་པའི་རྗེས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཞིག་གིས་ཐེ་ཇུས་བྱས་པའི་རྐྱེན་གྱིས་སོག་པོའི་སྲིད་བློན་དང་ལྷན་ཚོགས་གཉིས་ཀས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་དང་ལས་ཁུངས་ཀྱི་སྐུ་ཚབ་ཚོར་ཐོངས་མཆན་མ་སྤྲད་པར་ཐོ་གཞུང་ནག་པོའི་ནང་དུ་བཅུག་སྟེ་དཀའ་ངལ་ཕྲད་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG