ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

༧གོང་ས་མཆོག་གིས་ལ་དྭགས་པ་ཚོར་ལམ་སྒྲོན་གྱི་གསུང་ཆོས་སྩལ།


༄༅།། ལ་དྭགས་ཀྱི་ནང་པའི་ཚོགས་པ་དང་ལ་དྭགས་དགོན་པའི་ཚོགས་པ། ཁྲིག་སེ་རིན་པོ་ཆེ་བཅས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༧་པའི་ཚེས་༡༣་ནས་ཉིན་གཉིས་ལ་དྲྭ་ལམ་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་གསུང་ཆོས་དང་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་བསྐྱངས་ཡོད་ཅིང་། ད་ནངས་སྔ་དྲོའི་ཆོས་འབྲེལ་གྱི་ཐོག་མར་ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་དང་འདས་པའི་ལོ་ངོ་གསུམ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱར་དུས་སུ་ལ་དྭགས་ལ་ཆིབས་སྒྱུར་གནང་མ་ཐུབ་པར་དད་ལྡན་པ་རྣམས་བློ་ཕམ་བྱུང་བ་སོགས་སྙན་དུ་སྒྲོན། ད་ཐེངས་ཀྱི་དྲྭ་ལམ་ཆོས་འབྲེལ་ནི་ལ་དྭགས་ཀྱི་རྒྱལ་ས་གླེ་ཙམ་དུ་མ་ཟད། ནུབ་ར་དང་བྱང་ཐང་། མཁར་དཀྱིལ། ཟངས་དཀར་ལ་སོགས་པའི་ས་ཁུལ་ཁག་ཏུ་ཡོད་པའི་དད་ལྡན་པ་རྣམས་ལའང་ཐད་ཀར་རྒྱང་སྲིང་བྱེད་ཐུབ་པའི་མཐུན་རྐྱེན་གྲ་སྒྲིག་ཞུས་ཡོད་ཅེས་སྙན་གསེང་ཞུས།།

༧གོང་ས་མཆོག་གིས་ཆོས་འབྲེལ་འདི་ནི་ལ་དྭགས་ལ་འབྲེལ་བ་ཤིན་ཏུ་ཟབ་པའི་སྔ་མོའི་མངའ་རིས་ཀྱི་རྒྱལ་ཕྲན་ཆུང་ངུ་ཞིག་ཏུ་ཇོ་བོ་རྗེ་དྷི་བམ་ཀ་ར་མཐོ་ལྡིང་དུ་གདན་འདྲེན་ཞུས་ཏེ་བྱང་ཆུབ་ལམ་སྒྲོན་མཛད་པའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས། བོད་ཀྱི་ཆོས་བརྒྱུད་ཚང་མས་ཐུགས་ཞིབ་གནང་ས་ཞིག་རེད་ཅེས་གསུངས། ༧གོང་ས་མཆོག་གིས་སྟག་བྲག་རིན་པོ་ཆེ་དང་ཡོངས་འཛིན་རྣམ་གཉིས། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་བཅས་ཀྱི་དྲུང་ནས་ལམ་སྒྲོན་ཞུས་པ་ཡིན་ཞེས་གསུངས་པར་མ་ཟད། བྱང་ཆུབ་ལམ་སྒྲོན་གྱི་བཤད་ལུང་གནང་བའི་སྐབས་སུ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་ལ་སོགས་ཞིབ་ཏུ་བཀྲལ། དད་ལྡན་པ་རྣམས་ལ་དྲི་བ་དྲིས་ལན་ཞུ་རྒྱུའི་གོ་སྐབས་གནང་སྟེ་སློབ་མ་ཞིག་གིས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་ཡིན་ན་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་ཇི་ལྟར་བསྐྱེད་ཐབས་ཡོད་ཅེས་བཀའ་འདྲི་ཞུས། ༧གོང་ས་མཆོག་གིས་དེ་ལྟ་བུའི་གང་ཟག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གསུང་སྤྱོད་མཇུག་ཏུ་གསུངས་པའི་བདག་གཞན་མཉམ་བརྗེད་ཀྱི་སེམས་བསྐྱེད་ཚུལ་གྱིས་ཕན་ཐོགས་ཆེན་པོ་འབྱུང་གི་རེད་ཅེས་བཀའ་ལན་རྩལ།།

སློབ་མ་གཞན་ཞིག་གིས་བྱང་ཆུབ་ལམ་སྒྲོན་གྱི་གཞུང་འདིར་དང་པོ་ཕར་ཕྱིན་ཐེག་པ་དང་དེའི་རྗེས་སུ་གསང་སྔགས་ཀྱི་ལམ་བགྲོད་ཚུལ་གསུངས་པའི་དགོས་པ་ཅི་ཡིན་ཞེས་བཀའ་འདྲི་ཞུས། ༧གོང་ས་མཆོག་གིས་ཕ་རོལ་དུ་ཕྱིན་པའི་ལམ་གྱི་བློ་སྦྱང་རྒྱུའི་གཞི་རྩ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཏིང་ཟབ་ཅིག་དགོས་ཀྱི་རེད། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་བསྐོར་བའི་རྒྱུ་མཚན་རྣམས་ངོ་སྤྲོད། དད་ལྡན་པ་ཁག་ཅིག་གིས་བྱང་ཆུབ་ལམ་སྒྲོན་དུ་གསུང་པའི་ཤོ་ལེ་ཀ་འགའ་ཞིག་གཞུང་གཞན་གྱི་ནང་དུ་གསུངས་པའི་དོན་ལ་འགལ་ཡོད་མེད་དོགས་གཅོད་ཞུས། འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་ཚང་མའི་བཟང་པོའི་བསླབ་པ་དག་གཅིག་ཏུ་བསྡུས་ནས་ཡོངས་རྫོགས་ཆོས་ལུགས་གཅིག་བཟོ་ཐབས་ཡོད་མེད། དེ་བཞིན་ངེས་འབྱུང་གི་བསམ་པ་དང་སོ་ཐར་གྱི་སྡོམ་པ་བཅས་ལ་དོགས་འདྲི་ཁག་ཅིག་ཞུས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དམིགས་ཡུལ་ནི་གཞན་ཕན་གྱི་བསམ་པ་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་གསུངས། སང་ཉིན་དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན་ཉིན་༧གོང་ས་མཆོག་གིས་བྱང་ཆུབ་ལམ་སྒྲོན་ལས་གསུངས་པའི་གཞི་ལྷག་གི་ཆོས་འབྲེལ་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་ཆོག་གནང་གཏན་ཁེལ་ཡོད་པའི་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG