ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

བཀྲ་ཤིས་དབང་ཕྱུག་ལ་མུ་མཐུད་དུ་བརྙས་བཅོས་དང་དམ་དྲག


ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལོ་ལྔར་བཙོན་འཇུག་བྱས་ནས་གློད་གྲོལ་བཏང་བའི་རྗེས་སུའང་མུ་མཐུད་དུ་བརྙས་བཅོས་དང་པོད་འཕྲིན་སྒོ་བརྒྱབ་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད་ཅིང་། ཕྱི་ཟླ་༤་པའི་ཚེས་༡༤་ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་བཀྲ་ཤིས་དབང་ཕྱུག་གི་བདེ་འཇགས་ལ་སེམས་འཚབ་འདུག་ཅེས་གསལ་བསྒྲགས་སྤེལ་འདུག

བཀྲ་ཤིས་དབང་ཕྱུག་ནི་༢༠༢༡་ལོར་བཙོན་གྲོལ་ཐོབ་པ་དང་དེ་སྔ་རྒྱ་ནག་གཞུང་གིས་སྒོ་བརྒྱབ་ཟིན་པའི་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་བསླབ་གཞིའི་སྐད་ཡིག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་ཟིན་པའི་སློབ་གྲྭ་ཁག་ཅིག་ལ་དངོས་སུ་ཕེབས་པའི་གནས་ཚུལ་རྣམས་པོད་འཕྲིན་དུ་བཀོད་པ་སོགས་ཀྱི་ཉེས་འཛུགས་འོག་རྒྱ་ནག་གཞུང་གི་ཉེན་རྟོག་པས་མུ་མཐུད་དུ་དམིགས་སུ་བཀར་ནས་མགྲོན་ཁང་མ་གཡར་བ་དང་འགྲོ་འདུག་སོགས་ལ་དམ་དྲག་བྱེད་མུས་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་གཙོས་གཞིས་ལུས་བོད་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་བཀག་འགོག་དང་སྨྲ་བརྗོད་རང་དབང་རྣམས་བཙན་འཕྲོག་བྱེད་བཞིན་པ་དེས་བོད་ནང་གི་དཀའ་ངལ་སེལ་ཐབས་དཀའ། བོད་མིའི་དཀའ་སྡུག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་ཞི་མོལ་གནང་དགོས་པའི་འབོད་སྐུལ་ཞུས། གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་བསྟེ་གནས་ཁང་གི་ཉམས་ཞིབ་པས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་བཀྲ་ཤིས་དབང་ཕྱུག་གི་བདེ་འཇགས་ཐད་ངེས་པར་དུ་འགན་ལེན་བྱེད་དགོས་པར་མ་ཟད། ཁོང་གིས་ཁྲིམས་མཐུན་ཐོབ་ཐང་ལྟར་ཞུ་གཏུག་ཚུལ་བཞིན་བྱས་པར་ལུགས་མཐུན་གྱི་བརྡ་ལན་ཞིག་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG