ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༠༢/༠༢

ཟི་ལིང་གཙོས་མཚོ་སྔོན་གྱི་ས་གནས་ཁག་ལ་སྒོ་རྒྱ་བསྡམས།


༄༅།། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གཙོས་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་ནས་འགྲོ་འོང་བཀག་སྡོམ་བྱེད་ཀྱི་ཡོད་པའི་སྐབས་འདིར་བོད་ནང་གི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་ཁུལ་ཁག རྫོང་ཡོངས་ཀྱི་མང་ཚོགས་ལ་འགྲོ་འོང་བཀག་སྡོམ་བྱས་འདུག་ཅེས་བོད་ནང་གི་འབྲེལ་ཡོད་མི་སྣ་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་ཟི་ལིང་གྲོང་ཁྱེར་དུ་གཏན་སྡོད་བྱེད་མཁན་ཚོར་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད། ལྷག་པར་དུ་གྲོང་ཁྱེར་ནང་གི་སློབ་གྲྭ་ཁག་གནས་སྐབས་རིང་སྒོ་བརྒྱབ་སྟེ་འགྲོ་འོང་བྱེད་དུ་འཇུག་གི་མི་འདུག མང་ཚོགས་རྣམས་འགྲོ་སྐྱོད་བྱེད་མི་ཆོག་པ་དང་རང་ཁྱིམ་དུ་བཀག་འདུག ཏོག་དབྱིབས་ནད་རྟགས་ཡོད་མཁན་ཚོར་དམིགས་བསལ་གྱིས་དམ་དྲག་ཆེན་པོ་བྱེད་ཀྱི་འདུག ཟི་ལིང་གྲོང་ཁྱེར་ནང་གི་ཁྲིན་ཀོན་ཆུས་ཟེར་བའི་ས་གནས་དེར་ཆུ་ཚོད་༢༤་རིང་སྒོ་རྒྱ་བསྡམས་ནས་བརྟག་དཔྱད་བྱས་དང་བྱེད་མུས་རེད་། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་ཡོངས་ཀྱི་ས་གནས་སོ་སོའི་རྫོང་གི་ལས་བྱེད་པ་ཚོས་ཀྱང་མང་ཚོགས་ལ་བརྟག་དཔྱད་བྱས་དང་བྱེད་མུས་རེད། དེང་སྐབས་ཁུལ་དང་རྫོང་ནས་མི་མང་རྣམས་ཟི་ལིང་གྲོང་ཁྱེར་ལ་བསྐྱོད་ཆོག་གི་མི་འདུག་ཅེས་བཤད་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ནད་དུག་ཁྱབ་ཀྱི་མེད་སའི་རྫོང་ཁག་གི་ནང་ཁུལ་དུ་ལས་དོན་གལ་ཆེན་ཡིན་ན་ཅུང་ཙམ་ལྷོད་ཡངས་གཏོང་གི་འདུག་མོད། འོན་ཀྱང་བརྟག་དཔྱད་ཐེངས་གསུམ་བྱས་ཡོད་མེད་ལ་ཞིབ་བཤེར་བྱེད་ཀྱི་འདུག མང་ཚོགས་ལ་ཁྱབ་བསྒྲགས་གཙོ་བོ་ནི་རྒྱལ་ཁབ་ཀྱི་བཀོད་འདོམས་ལྟར་འགྲོ་འོང་བཀག་སྡོམ་དམ་པོ་བྱ་དགོས། མང་ཚོགས་ལ་ཏོག་དབྱིབས་ནད་དུག་འགོས་མེད་ན་རྒྱལ་ཁབ་ཀྱི་བྱ་བ་ནན་ཏན་སྒྲུབ་ཐུབ། དེས་ན་ནད་དུག་ཁྱབ་བརྡལ་འགྲོ་རུ་མ་བཅུག་པར་ནད་འགོག་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་ཅེས་སྒྲོགས་ཀྱི་འདུག གྲོང་སྡེ་ཁག་གི་རྒན་གཞོན་ཚང་མ་ལྷན་དུ་འདུས་ནས་མ་ཎི་དང་སྒྲོལ་མ་འདོན་པའམ། ཡང་ན་དགོན་པར་ཕྱག་སྐོར་བྱེད་དུ་འགྲོ་མི་ཆོག་པར་ཁྱིམ་འགོག་གི་བཀའ་རྒྱ་ཧ་ཅང་དམ་པོ་རེད་ཅེས་བརྗོད་འདུག

ཕྱི་ཟླ་༤་པའི་ཚེས་༡༤་ཉིན་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་གྲོང་ཁྱེར་དང་ཐག་ཉེར་ཡོད་པའི་རྗེ་སྐུ་འབུམ་དགོན་པས་བོད་ཡིག་དང་རྒྱ་ཡིག་གཉིས་ཀར་ཡོངས་ཁྱབ་བརྡ་སྦྱོར་ཞིག་བཀྲམ་ནས་སྤྱི་ཟླ་༤་པའི་ཚེས་༡༤་ཉིན་ནས་བཟུང་། ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་མིན་པས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་རྣམས་ཀྱིས་ཤེས་རྟོགས་ཡོད་པར་ཞུ་ཞེས་བཀོད། མི་མང་རྣམས་དུས་ནམ་ཞིག་མཆོད་མཇལ་དུ་འགྲོ་ཆོག་པ་དང་ཡུལ་སྐོར་བ་ཚོར་སྒོ་འབྱེད་རྒྱུ་ཡིན་མིན་ནི་ཅི་ཡང་འཁོད་མེད་ཅིང་། དེང་སང་རྒྱ་ནག་ལ་དར་ཁྱབ་ཆེ་བའི་མགྱོགས་འཕྲིན་ཞེས་བའི་འཕྲིན་སྟེགས་སུ་ཟི་ལིང་གྲོང་ཁྱེར་དུ་མི་མང་བརྒྱ་ཕྲག་མང་པོ་རུ་བསྒྲིགས་ནས་བརྟག་དཔྱད་བྱེད་བཞིན་པའི་བརྙན་ཐུང་རྣམས་མཐོང་རྒྱུ་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG