ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བྷར་མའི་ནང་ ༢༠༠༧ རྗེས་གཞི་རྒྱ་ཆེ་ཤོས་ཀྱི་་ངོ་རྒོལ་དེ་བྱས་འདུག


༄༅།། །བདུན་ཕྲག་སྔོན་མའི་ནང་བྷར་མའི་དམག་མིས་ཡུལ་དེའི་སྤྱི་མོས་ཆེ་བའི་དབུ་འཁྲིད་ལྕམ་ཨོང་སེན་སུ་ཅི་འཛིན་བཟུང་གིས་བཀག་ཉར་བྱས་ཏེ་དམག་མིས་གཞུང་སྲིད་བཙན་འཕྲོག་བྱས་ཡོད་པ་དེར་རེས་གཟའ་ཉི་མའི་ཉིན་ཡུལ་དེའི་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཤུགས་ཆེ་ཤོས་དེ་བྱས་འདུག་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།

གཟའ་ཉི་མའི་བྷར་མའི་ནང་མི་མང་གི་ངོ་རྒོལ་ལས་འགུལ་བྱས་པ་དེ་ནི་སྤྱི་ལོ་༢༠༠༧གྱི་ལོར་ནང་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་པའི་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་དེའི་རྗེས་བྷར་མའི་ནང་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་ཡིན་པ་དང་། ཡུལ་དེའི་ནང་གནས་འཕྲིན་དྲྭ་རྒྱར་བཀག་འདོམས་དང་ཁ་པར་ཡང་ཕལ་ཆེ་བ་བཀག་འདོམས་བྱས་པའི་སྐབས་འདིར་གཟའ་ཉི་མའི་ཉིན་ཡུལ་དེའི་ཚོང་ལས་ཀྱི་གྲོང་ཁྱེར་ལྟེ་བ་ཡང་གྷུན་ནང་ལྕམ་སུ་ཅིས་དབུ་ཁྲིད་པའི་ཡུལ་དེའི་རྒྱལ་ཡོངས་མང་གཙོ་མནའ་སྦྲེལ་ཚོགས་པ་མཚོན་བྱེད་སྒང་ཕུག་དམར་པོ་འཁྱེར་སྟེ་ང་ཚོར་དམག་མིའི་བཀས་བཀོད་རིང་ལུགས་དགོས་ཀྱི་མེད། ང་ཚོར་མང་གཙོ་དགོས་ཀྱི་ཡོད་ཅེས་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་བྱས་འདུག

ཡུལ་དེའི་དམག་མིས་བདུན་ཕྲག་སྔོན་མའི་གཟའ་ཟླ་བའི་ཉིན་ཞི་བའི་སྲིད་གཞུང་བཙན་འཕྲོག་བྱས་པ་དེ་ནི། ཡུལ་དེའི་མང་གཙོའི་ལམ་སྲོལ་ལ་ཉམས་ཉེས་དོ་ཕོགས་ཆེན་པོ་བཏང་པ་ཞིག་ཡིན་ཅིང་། དམག་མིས་ཡུལ་དེའི་གཞུང་སྲིད་བཙན་འཕྲོག་བྱས་རྗེས་མི་མང་ཚོས་དང་ཐོག་སོ་སོའི་ཁང་པའི་སྒེའུ་ཁུང་ནས་རྔ་དང་སྣོད་ཆས་བརྡུང་བ་སོགས་བྱས་ཏེ་ལས་འགུལ་དེ་འགོ་འཛུགས་བྱས་འདུག་པ་དང་། དེ་རྗེས་གཟའ་སྤེན་པའི་ཉིན་མི་མང་ཁྲི་ཕྲག་མང་པོས་དངོས་སུ་གྲོང་ཁྱེར་ཡང་གྷུན་ནང་ངོ་རྒོལ་གཞི་རྒྱ་ཆེ་ཤོས་དེ་བྱས་འདུག

རུའི་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་གཟའ་ཉི་མའི་སྔ་དྲོ་མི་མང་ཁྲི་ཕྲག་མང་པོ་གྲོང་ཁྱེར་ཡང་གྷུན་གྱི་ས་ཕྱོགས་གང་ས་ནས་གྲོང་ཁྱེར་དེའི་དབུས་ཕྱོགས་ཀྱི་ས་གནས་སུ་འདུ་འཛོམས་བྱས་འདུག་ཅིང་། མི་མང་ཚོས་ཡུལ་དེའི་མང་གཙོ་མནའ་སྦྲེལ་ཚོགས་པའི་དར་ཆ་འཕྱར་བ་དང་དམག་མིས་ཞི་བའི་གཞུང་སྲིད་བཙན་འཕྲོག་བྱས་པར་ངོ་རྒོལ་ཡོད་པ་མཚོན་ཆེད་མཛུབ་མོ་གསུམ་བསྟན་སྟེ་ངོ་རྒོལ་བྱས་འདུག་པ་མ་ཟད། སྣུམ་འཁོར་གཏོང་མཁན་ཁ་ལོ་པ་ཚོས་མི་མང་གི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་སོ་སོའི་སྣུམ་འཁོར་ནས་དུང་སྐད་དཀྲོལ་ཏེ་ངོ་རྒོལ་ལས་འགུལ་དེར་མཉམ་ཞུགས་བྱས་འདུག

གཟའ་སྤེན་པ་ནས་བཟུང་བྷར་མའི་ནང་གནས་འཕྲིན་དྲྭ་རྒྱ་བཀག་འདོམས་བྱས་ཡོད་པར་བརྟེན་ངོ་རྒོལ་ལས་འགུལ་སོགས་ཀྱི་སྐོར་ལ་ངོ་དེབ་ཐོག་ཐོན་པའི་བརྙན་དཔར་ཐོན་པ་དེ་ཚོ་མ་གཏོགས་གཞན་མཐོང་རྒྱུ་མེད་པར་གྱུར་འདུག་ཅིང་། གཟའ་ཉི་མའི་ཉིན་བྷར་མའི་མི་མང་ཚོས་ཡུལ་དེའི་ཚོང་ལས་ཀྱི་གྲོང་ཁྱེར་ལྟེ་བ་ཡང་གྷུནཙམ་མ་ཟད། ཡུལ་དེའི་གྲོང་ཁྱེརམེན་ཌེ་ལེདང་། མོ་ལཱམ་ཡིན་སོགས་གྲོང་ཁྱེར་གཞན་མང་པོའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་ཉི་མ་དང་གཟའ་སྤེན་པའི་ངོ་རྒོལ་ལས་འགུལ་དེ་དག་གི་སྐོར་ལ་དྲག་པོའི་དཔོན་རིགས་ཚོས་ད་བར་འགྲེལ་བརྗོད་གང་ཡང་བྱས་མེད་ཀྱང་། བྷར་མའི་ནང་ཡོད་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ཐོ་མཱསེ་ཨེན་ཌྲིའུ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དམག་མིས་ད་ལྟ་བར་དུ་མི་༡༦༠ལྷག་འཛིན་བཟུང་བྱས་འདུག་པ་དང་། བྷར་མའི་དམག་དཔོན་ཚོས་ད་ཆ་མི་མང་གི་ངོ་རྒོལ་ལས་འགུལ་ཁ་ཐོར་གཏོང་རྒྱུར་དམིགས་པའི་ལས་འགུལ་རྩོམ་གྱི་ཡོད་པ་མངོན་ཐུབ་ཀྱི་་འདུག བྷར་མའི་གནས་སྟངས་ལ་འཛམ་གླིང་གི་མི་མང་དང་དབུ་ཁྲིད་ཚོ་ནག་ཁུང་ནང་འཇོག་རྒྱུར་ཁོང་ཚོས་གནས་འཕྲིན་དྲྭ་རྒྱ་བཀག་འགོག་བྱས་ཏེ། བྷར་མའི་མི་མང་རྣམས་ཉེན་ཁའི་ནང་ཚུད་པའི་སྐབས་འདིར་ང་ཚོས་ཁོང་ཚོར་དངོས་ཤུགས་རྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་དགོས་ཀྱི་འདུག་ཅེས་གསུངས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཨེ་ཤི་ཡ་སྡེ་ཚན་གྱི་དབུ་ཁྲིད་གཞོན་པ་སྐུ་ཞབས་ཕིལ་རོ་བཊ་སྚོན་གྱིས་གཟའ་ཉི་མའི་ཉིན་གཏམ་བཤད་ཅིག་སྤེལ་བའི་ནང་དེང་སྐབས་བྷར་མའི་དམག་མི་ཚོས་འཛམ་གླིང་མི་མང་རྣམས་ནག་ཁུང་ནང་བཞག་ནས་སོ་སོའི་རྒྱལ་ཁབ་ནང་རང་སྣང་གང་འདོད་ཀྱི་དྲག་གནོན་བྱེད་ཐུབ་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་འདུག་ཅེས་གསུངས་འདུག

བྷར་མའི་ནང་དེའི་གོང་ཕྱི་ལོ་༡༩༦༢ནས་ཕྱི་ལོ་༢༠༡༡བར་དྲག་པོའི་སྲིད་དབང་བཟུང་བའི་སྐབས་རྒྱལ་སྤྱིའི་ཡུལ་ཁག་ཚོས་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་། ཡུལ་དེར་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཉེས་ཆད་སོགས་བཀག་སྡོམས་སྣ་ཚོགས་བཙན་འགེལ་བྱས་རྗེས་ཕྱི་ལོ་༢༠༡༠འི་ལོར་དྲག་པོའི་དབང་ཤུགས་ལྷོད་དུ་བཏང་ཡོད་པ་དང་། ཕྱི་ལོ་༢༠༡༥འི་ལོར་ཡུལ་དེའི་ནང་རང་དབང་གི་འོས་བསྡུ་བྱས་ཡོད་པ་དེའི་ནང་ལྕམ་སུ་ཅིས་དབུ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་མནའ་སྦྲེལ་ཚོགས་པར་མང་མོས་ཀྱི་རྒྱལ་ཁ་ཐོབ་རྗེས་ཁོང་གིས་ཞི་བའི་སྲིད་གཞུང་སྒྲིག་འཛུགས་གནང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG