ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་རྒྱ་ནག་ལ་འཛིན་པའི་འཐབ་ཇུས་སྙན་ཐོ་ཞིག


༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པའི་ལས་དོན་འགོ་བཙུགས་པའི་རྗེས་སུ་ཨ་རི་དང་རྒྱ་ནག་གི་འབྲེལ་བར་འགྱུར་ལྡོག་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་འགོ་ཚུགས། ཉེ་ཆར་སྤྱི་ཚེས་༤་ཉིན་སྲིད་འཛིན་བྷ་ཌན་གྱིས་རང་གི་གཞུང་འཛིན་ལྷན་ཁང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་གཏམ་བཤད་ཐོག་མ་དེ་སྤེལ། སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་ནི་ཨ་རིས་འགྲན་ཡ་ཆེ་ཤོས་དེ་ཡིན་ཞེས་བཤད་ཀྱང་ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་ཇི་ལྟར་གཅོག་རྒྱུ་ཡིན་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་གསལ་བསྒྲགས་མ་བྱུང་། ཨ་རིའི་ནུབ་རྒྱ་མཚོ་ཆེན་མོའི་རྒྱུན་ལས་ལྷན་ཚོགས་ཀྱིས་རྩོམ་པོའི་མིང་དངོས་མ་བཀོད་པར་སྙན་ཐོ་ཞིག་འགྲེམ་སྤེལ་བྱས་ཡོད་པ་དེར་ཨ་རིས་རྒྱ་ནག་ལ་འཐབ་ཇུས་གསར་པ་ཞིག་འཛིན་དགོས། ཐབས་ཇུས་དེར་ཆེས་རིང་གློག་འཕྲིན་ཞེས་མིང་བྱང་བཀོད། དེ་ནི་ཨ་མི་རི་ཀས་རྒྱ་ནག་ལ་དམིགས་ནས་ཡུན་རིང་གི་འཐབ་ཇུས་ཤིག་འཛིན་དགོས་པའི་དོན་དུ་གོ་དགོས། ནུབ་རྒྱ་མཚོ་ཆེན་མོའི་རྒྱུན་ལས་ལྷན་ཚོགས་ཀྱིས་བཏོན་པའི་འཐབ་ཇུས་སྙན་ཐོ་དེའི་རྩོམ་པ་པོ་ནི་ཨ་རིའི་གཞུང་གི་མཐོ་རིམ་འགོ་ཁྲིད་ཟུར་པ་ཞིག་ཡིན་འདུག ཁོ་པར་རྒྱ་ནག་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཉམས་མྱོང་དང་ཆེད་ལས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པ་ཡོད་ཅིང་། སྙན་ཐོ་དེར་རྒྱ་ནག་ལ་འཛིན་པའི་འཐབ་ཇུས་ཀྱི་གནད་འགག་འགའ་ཞིག་འཁོད་ཡོད་པས་རྩོམ་པ་པོའི་མིང་དངོས་མ་བཀོད་པ་རེད་ཅེས་བཀྲལ།།

སྙན་ཐོ་དེའི་བརྗོད་བྱ་སྙིང་པོ་ཁག་ནི་ཨ་རིས་རྒྱ་ནག་ལ་འཛིན་རྒྱུའི་འཐབ་ཇུས་ཀྱི་དམིགས་འབེན་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་རྒྱལ་ཁབ་ཀྱི་གཙོ་འཛིན་ཞིས་ཅིན་ཕིང་ལ་གཏད་དགོས། ཞིས་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་དུ་བསྐོས་པའི་གཞུག་ཏུ་རྒྱ་ནག་ལ་སྒེར་གཅོད་དང་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཤུགས་ཆེ་རུ་བཏང་སོང་། རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་བཙན་དྲག་ཅན་དུ་གྱུར་པ་དང་དམག་གི་སྟོབས་ཤུགས་རྒྱ་སྐྱེད། རྒྱ་ནག་གིས་མཐའ་མཚམས་རྒྱལ་ཁབ་ཁག་ཁོ་ན་མིན་པར་འཛམ་གླིང་ཡོངས་ལ་བཙན་དྲག་བཀོལ་ནས་ཤུགས་རྐྱེན་ཚབས་ཆེན་ཞིག་ཐེབས་ཀྱི་འདུག ཞིས་ཅིན་ཕིང་ནི་ཨ་རི་གཅིང་པུས་གདོང་ལེན་བྱ་དགོས་པ་ཞིག་མིན་པར་དམངས་གཙོའི་རྒྱལ་ཁབ་ཡོངས་ཀྱིས་ཁ་གཏད་གཅོག་དགོས། ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་དམིགས་འབེན་ཁོངས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་མགོ་རྟིང་སློག་རྒྱུ་དེ་མིན་པར་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ལ་འགྱུར་བ་གཏོང་དགོས། རྒྱ་ནག་ནི་སྤྱི་ལོ་༢༠༡༣་ལོའི་ཡར་སྔོན་གྱི་གནས་བབ་དེར་བསྐྱར་ལོག་རྒྱག་ཏུ་འཇུག་དགོས་པ་སྟེ། མའོ་ཙེ་ཏུང་གི་གཞུག་དང་ཞིས་ཅིན་ཕིན་སྔོན་གྱི་འགོ་ཁྲིད་ཚོས་ཨ་མི་རི་ཀར་མཉམ་འབྲེལ་བྱས་པའི་དུས་སྐབས་དེར་བསྐྱར་ལོག་རྒྱག་ཏུ་འཇུག་དགོས་ཞེས་བསྟན། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་གཙོ་འཛིན་ཞིས་ཅིན་ཕིང་གི་སྒེར་གཅོད་ཀྱི་ཧམ་སེམས་དང་འགོ་ཁྲིད་ལ་མོས་མཐུན་མི་བྱེད་མཁན་མང་པོ་ཞིག་ཡོད་པས་ཞིས་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་ནས་འཕོ་འགྱུར་གཏོང་རྒྱུའི་འཐབ་ཇུས་དེར་ལམ་ལྷོངས་འབྱུང་སྲིད་པའི་ཚོད་དཔག་བྱས་འདུག

གཞན་ཡང་སྙན་ཐོ་དེར་རྒྱ་ནག་གིས་ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག དེ་བཞིན་ཐེ་ཝན་སོགས་ལ་དམག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པར་གདོང་ལེན་བྱེད་ཕྱོགས་ཀྱི་འཐབ་ཇུས་དོན་ཚན་ལྔ་བཏོན། གལ་སྲིད་འཐབ་ཇུས་དེ་ཚོར་རྒྱ་ནག་གིས་འགོག་རྒོལ་བྱེད་ན་ཨ་རིས་ཐད་ཀར་དེ་ལ་ཐེ་གཏོགས་བྱ་དགོས་ཞེས་གཏན་ལ་ཕབ། རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་སྙན་ཐོ་དེའི་བརྗོད་བྱ་ཁག་ལ་བགྲོ་གླེང་སྣ་ཚོགས་ཤིག་བྱས་ཡོད་པར་མ་ཟད། ཉམས་ཞིབ་པ་ཌེ་ཝྭི་ཊི་ལམ་ཕི་ཊོན་ཞེས་པ་ཞིག་གིས་འཐབ་ཇུས་དེ་དག་ལ་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་དང་ཨ་རིའི་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་མི་སྲིད། ཁོ་པར་མཚོན་ན་འཐབ་ཇུས་འདི་ལེགས་གྲུབ་འབྱུང་མིན་ལ་དོགས་པ་ཆེན་པོ་ཡོད། བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་སོགས་ཀྱི་ཐོག་ཏུ་རྒྱ་ནག་ལ་མཉམ་འབྲེལ་བྱ་རྒྱུ་ཡིན་པས་དེ་ལ་བར་ཆད་བཟོ་ངེས་རེད་ཅེས་བཤད།།

ཨ་རིའི་རྒྱལ་ཁབ་ཕན་བདེ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཕོབ་ཧེ་ཨར་དབྱིས་སྙན་ཐོ་དེར་རྒྱ་ནག་གི་ཉེན་ཁ་ཁག་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་ཉེན་ཁ་དེ་ཚོར་གདོང་ལེན་བྱེད་ཕྱོགས་ཀྱི་འཐབ་ཇུས་ཀྱང་གཏན་ལ་ཕབ་འདུག ཁོ་པ་སྤྱི་ཡོངས་ཀྱི་ཆ་ནས་འཐབ་ཇུས་དེ་ཚོར་མོས་མཐུན་ཡོད། ཡིན་ནའང་རྒྱ་ནག་གིས་འཛམ་གླིང་ཡོངས་ལ་རྒྱ་སྐྱེད་ཀྱི་ཧམ་སེམས་འཆང་འདུག་ཟེར་བ་དེར་སྒྲོ་འདོགས་ཅུང་ཙམ་ཐལ་དྲགས་འདུག་སྙམ་ཞེས་འཐབ་ཇུས་དེའི་འཐད་ཕྱོགས་དང་མི་འཐད་པའི་ཕྱོགས་གཉིས་ཀར་རང་གི་ལྟ་ཚུལ་གསལ་བརྗོད་བྱས་བྱས་ཡོད་པ་རེད།།

XS
SM
MD
LG