ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་ཆར་ལ་དྭགས་ཀྱི་བོད་ཁྱིམ་སློབ་གྲྭར་ཏོག་དབྱིབས་ནད་དུག་ཁྱབ་གདལ།


ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་དུ་རྒྱ་གར་དང་བལ་ཡུལ་གྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་མི་༤༦་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་ཅིང་། རྒྱ་གར་གྱི་གཞི་རིམ་འོག་མའི་སློབ་གྲྭ་ཁག་རིམ་བཞིན་སྒོ་འབྱེད་ཀྱི་ཡོད་པ་དང་བོད་པ་སུད་ཚོང་བ་གཙོས་མི་ཚང་མས་ནད་དུག་སྔོན་འགོག་ལ་མུ་མཐུད་དུ་གཟབ་ནན་བྱ་དགོས་ཞེས་ལམ་སྟོན་གནང་འདུག ལ་དྭགས་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་འཆི་མེད་ལྷུན་གྲུབ་ཀྱིས་བརྗོད་དོན་ལྟར་ན། ཕྱི་ཟླ་༡༠་ཚེས་༣༡་ཉིན་དེ་གའི་སློབ་ཕྲུག་གཅིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་སློབ་གྲྭའི་དགེ་སློབ་ལས་བྱེད་༥༠་ལྷག་ལ་བརྟག་དཔྱད་བྱས་ནས་མི་༢༠་ཐམ་པར་ནད་དུག་འགོས་ཡོད་པ་ར་འཕྲོད། ཁང་སང་ཚེས་༡༠་ཉིན་དགེ་ལས་སློབ་ཕྲུག་བཅས་མི་༡༦༦་ལ་བརྟག་དཔྱད་བྱས་པའི་སྐབས་དེར་དགེ་རྒན་གཉིས་ལ་ནད་དུག་འགོས་ཡོད་པ་རྩད་གཅོད། ད་ལྟ་ཁྱོན་སྡོམ་ལ་དྭགས་ཀྱི་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་༢༢་ལ་ནད་དུག་འགོས་ཡོད་ཀྱང་ཛ་དྲག་གི་གནས་སུ་ལྷུང་མེད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ།

XS
SM
MD
LG