ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་ཁག་གི་ཚོགས་ཆེན།


༄༅།། ཕྱི་ཟླ་༡༡་པའི་ཚེས་༩་ནས་༡༡་བར་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་ས་གནས་འགོ་འཛིན་༤༤་ཡོད་པ་དེའི་ཁོངས་ནས་འགོ་འཛིན་༤༣་དང་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་སྣེ་ཁག་བཞུགས་སྒར་རྡ་རམ་ས་ལའི་སྲིད་སྐྱོང་ཚོགས་ཁང་དུ་ལྷན་འཛོམས་ཀྱིས་ས་གནས་འཛིན་ཁག་གི་ཚོགས་ཆེན་ཐེངས་༡༤་པ་འཚོགས་བཞིན་ཡོད་ཅིང་། དེ་རིང་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཏུ་ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མས་ཐེངས་འདིའི་ལྷན་ཚོགས་ནི་སྐབས་བཅུ་དྲུག་པའི་བཀའ་ཤག་གིས་འཛིན་སྐྱོང་འགན་བཞེས་གནས་བའི་རྗེས་སུ་ས་གནས་འགོ་འཛིན་གྱི་ཚོགས་ཆེན་ཚོགས་པ་ཐོག་མ་དེ་ཡིན་ཞིང་། བཀའ་ཤག་གི་དགོངས་གཞི་རྣམས་གཅིག་ཏུ་བསྡུས་ནས་གྲོས་གཞི་གཙོ་བོ་༡༢་གཏན་འབེབས་བྱུང་ཡོད་ཅེས་བཀྲལ།།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ས་གནས་འགོ་འཛིན་ཚོ་ནི་རྟག་ཏུ་མང་ཚོགས་ཀྱི་བདེ་དོན་ཐོག་ཏུ་མི་དམངས་ལ་ཐད་ཀར་འབྲེལ་བ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ཡིན། སྐབས་བཅུ་དྲུག་པའི་བཀའ་ཤག་གིས་ཉམ་ཐག་དང་ནད་བཅོང་གཙོ་བོར་གྱུར་པའི་གཞི་རིམ་མང་ཚོགས་ཀྱི་བདེ་དོན་སྤྱི་དང་བྱེ་བྲག་ཏུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག གཞིས་ཆགས་ཁག་ཟླ་སྒྲིལ་གཏོང་རྒྱུའི་དགོངས་པ་བཞེས་ཕྱོགས་དང་གཞིས་ཆགས་ཁག་ཏུ་གཞོན་སྐྱེས་ཀྱི་ནུས་པ་འདོན་ཐབས། འཚོ་བ་སྲ་བརྟན་སོགས་ལ་བསམ་ཞིབ་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་གནས་སྤོར་དང་འཛིན་སྐྱོང་གི་རྣམ་གྲངས་རྣམས་དུས་ཚོད་ལ་བསྟུན་ནས་འཕྲི་སྣོན་བྱ་འཆར་ཡོད་ཅེས་བརྗོད་གཞི་སྣ་མང་ཞིག་ལ་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་རིང་དུ་གསུང་བཤད་གནང་འདུག

ས་གནས་ཁག་གི་འགོ་འཛིན་ཚོས་ས་གནས་སོ་སོའི་དཀའ་ངལ་རྣམས་ཚོགས་ཆེན་ཐོག་ཏུ་གླེང་སློང་བྱེད་མི་དགོས་པར་གྲོས་གཞི་ཁག་ལ་འབྲེལ་བ་ཡོད་པའི་ལས་དོན་ཡར་རྒྱས་གཏང་དགོས་པ་རྣམས་གཅིག་ཏུ་སྤུངས་དགོས་ཞེས་གྲོས་གཞི་བཏོན། རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ལྔ་ནི་བཙན་བྱོལ་བོད་མི་གནས་སྡོད་གནས་ས་ཆེ་ཤོས་ཡིན་པས་ལྷོ་སྤྱི་ཐུབ་བསྟན་ཚེ་རིང་གིས་ལྷན་ཚོགས་ཐོག་ཏུ་ཞིང་ས་བཀོལ་སྤྱོད་ཀྱི་སྒྲིག་གཞི་ཚད་ལྡན་ཞིག་དགོས་རྒྱུར་ཤུགས་རྒྱག་འཆར་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག བལ་ཡུལ་དུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བདུན་ཡོད་པར་མ་ཟད། རྒྱ་ནག་གིས་བལ་ཡུལ་ལ་གནོན་ཤུགས་སྤྲད་ནས་བོད་པ་བཙན་བྱོལ་བ་གཞོན་སྐྱེས་ཚོར་ཁྲིམས་མཐུན་ཡིག་ཆ་མེད་པའི་དཀའ་ངལ་འཕྲད་མུས་ཡིན་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་བལ་ཡུལ་དང་འབྲུག་ཡུལ་ལ་ཕེབས་རྒྱུ་སྟབས་བདེ་མིན་པས་ས་གནས་དེ་དག་གི་སྐུ་ཚབ་རྣམས་བཞུགས་སྒར་དུ་ཕེབས་པའི་གོ་སྐབས་བཟུང་སྟེ་ཟུར་མཇལ་བཀའ་མོལ་གནང་རྒྱུ། ཕྱི་ཚེས་༡༡་ཉིན་བཀའ་བློན་ཚོའི་ལྷན་དུ་གྲོས་སྡུར་གནང་རྒྱུའི་མཛད་རིམ་གོ་སྒྲིག་བྱས་འདུག ཕྱི་ཚེས་༡༢་ནས་ཉིན་གཉིས་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་སོ་ནམ་གཞིས་ཆགས་ཁག་༡༨་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གཙོས་མཉམ་འབྲེལ་ཁག ༡༥་ཡོད་པ་དེ་དག་གི་ཚོགས་གཙོ་དང་དྲུང་ཆེ་བཅས་ཁྱོན་བསྡོམས་སྐུ་ཚབ་༤༥་ལྷན་འཛོམས་ཀྱིས་སོ་ནམ་ཞིང་ལས་དང་མཉམ་འབྲེལ་གྱི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་འཆར་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG