ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༣/༠༡/༢༧

༢༠༢༧་ལོར་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ། 


༄༅།། དབྱིན་ཇིའི་གནམ་འཕྲིན་(Sky News)གསར་ཁང་གིས་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་ལ་དམིགས་བསལ་བཅར་འདྲི་ཞིག་ཞུས། ཕྱི་སྲིད་བློན་ཆེན་ཝུས་༢༠༢༧་ལོར་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཕྱི་ཟླ་དང་པོའི་ཚེས་༡༩་ཉིན་ཐེ་ཝན་གསར་འགྱུར་ལས་ཁང་དང་དབྱིན་ཇིའི་གནམ་འཕྲིན་གསར་ཁང་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་ཡིས་༢༠༢༧་ལོར་ཞིས་ཅིན་ཕིང་གི་ལས་དུས་གསུམ་པ་ཚང་སྟེ་ལས་དུས་བཞི་པ་འགོ་འཛུགས་པའི་དུས་ཚོད་རེད། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་ཆེན་པོ་འགྲོ་བཞིན་ཡོད་པ་དང་རྒྱ་ནག་མི་དམངས་རྣམས་འདོད་བློ་མ་ཚིམས་པར་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་མངོན་གསལ་དོད་པོ་རེད། གལ་སྲིད་ཞིས་ཅིན་ཕིང་ལ་གྲུབ་འབྲས་ཆེན་པོ་ཞིག་སྟོན་རྒྱུ་མེད་ན་༢༠༢༧་ལོར་ལས་དུས་བཞི་པ་འགོ་འཛུགས་ཐུབ་རྒྱུ་ཤིན་ཏུ་དཀའ། ཁོ་པས་རྒྱ་ནག་མི་དམངས་ལ་གྲུབ་འབྲས་ཤིག་སྟོན་ཐབས་སུ་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་རྒྱག་རྒྱུ་དང་རྒྱ་ནག་མི་དམངས་རྣམས་དམག་འཁྲུག་ལ་མགོ་འཁོར་དུ་བཅུག་སྟེ་རྒྱལ་ནང་གི་དཀའ་ངལ་རྣམས་སྦེད་ཐབས་བྱེད་ཐུབ། ད་ལྟ་ཐེ་ཝན་རང་སྲིད་རང་སྐྱོང་གི་ཡུལ་ལུང་ཞིག་ཡིན་རུང་དོན་དངོས་སུ་རང་བཙན་གསལ་བསྒྲགས་བྱས་མེད། ཉི་མ་གཅིག་ཐེ་ཝན་རྒྱ་ནག་གི་མངའ་འོག་ཏུ་བསྡུ་བའམ། ཡང་ན་རང་བཙན་གསལ་བསྒྲགས་བྱ་དགོས་པའི་དུས་ཤིག་འཆར་ས་རེད། ད་ལྟའི་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་ནི་གཏན་དུ་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་མིན། ༢༠༡༩་ལོའི་ཕྱི་ཟླ་དང་པོའི་ཚེས་༢་ཉིན་ཞིས་ཅིན་ཕིང་གིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་དགོས་ཞེས་གཏམ་བཤད་བྱས་ཤིང་། ང་ཚོ་ཧོང་ཀོང་ལྟར་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་རྒྱ་ནག་ལ་ཟླ་སྒྲིལ་བྱ་རྒྱུར་མོས་མཐུན་མེད། ཧོང་ཀོང་གི་གནས་སྟངས་ལ་ལྟོས་དང་གང་འདྲ་འདུག རྒྱ་ནག་གི་སྔོན་འགྲོའི་ཆ་རྐྱེན་ལ་མོས་མཐུན་བྱས་ན་ང་ཚོས་རྒྱ་ནག་ལ་མགོ་བསྒུར་བ་རེད། ཐེ་ཝན་མི་དམངས་ཀྱིས་ནམ་ཡང་ཞིས་ཅིན་ཕིང་གི་སྔོན་འགྲོའི་ཆ་རྐྱེན་ལ་མོས་མཐུན་བྱེད་མི་ཐུབ། ཐེ་ཝན་གྱིས་རྒྱ་ནག་ལ་གྲོས་མོལ་གྱི་སྒོ་མོ་ནི་ཕྱེ་ཕྱེ་པ་ཡིན་ཞེས་ལན་བཏབ།།

གསར་འགོད་པས་རྒྱ་ནག་གིས་བཙན་འཛུལ་བྱུང་ན་ཐེ་ཝན་ལ་འགོག་རྒོལ་བྱ་རྒྱུའི་གྲ་སྒྲིག་ཡོད་དམ། དམག་དོན་མཁས་པ་ཚོས་རྒྱ་ནག་གིས་བཙན་འཛུལ་བྱུང་ན་ཐེ་ཝན་ལ་གྲ་སྒྲིག་མི་འདུག ཐེ་ཝན་གྱི་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢.༤་མ་གཏོགས་རྒྱལ་སྲུང་ལ་འགྲོ་གྲོན་གཏོང་གི་མི་འདུག དེ་ནི་ཨ་མི་རི་ཀ་དང་ཨི་སི་རལ་སོགས་ཀྱི་རྒྱལ་སྲུང་འགྲོ་གྲོན་ལས་ཉུང་བ་རེད། ཉམས་ཞིབ་པ་ཚོས་ཐེ་ཝན་ལ་མདེའུ་འདང་ངེས་མེད་པ་དང་དམག་མི་གསར་པ་བསྡུ་མ་ཐུབ་པའི་དཀའ་ངལ། རྒྱ་ནག་ལ་དམག་འཁྲུག་རྒྱག་ཐུབ་པའི་སྟོབས་ཤུགས་མི་འདུག་ཟེར་གྱི་ཡོད་པར་ལྟ་ཚུལ་ཅི་ཡོད་ཅེས་དྲིས། ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་ཡིས་ཐེ་ཝན་ལ་སྟོབས་ཤུགས་མེད་པ་མིན། སྔོན་ཆད་ཐེ་ཝན་ལ་མདེའུ་འདང་ངེས་མེད་པ་དང་དམག་སྦྱོང་ཡག་པོ་སྤྲོད་མ་ཐུབ་པ། ཐེ་ཝན་གྱི་རྒྱལ་སྲུང་ལ་མཁོ་བའི་དམག་དཔུང་འདང་ངེས་མེད་པ་དང་དམག་འཁྲུག་གི་གྲ་སྒྲིག་ཚགས་ཚུད་མེད་པའི་དཀའ་ངལ་ཁག་ཅིག་ཕྲད་མྱོང་། ད་ལྟ་ཐེ་ཝན་ལ་མཚོན་ཆ་དང་མདེའུ་སོགས་འདང་ངེས་ཡོད། སྲིད་འཛིན་ཚེ་དབྱིན་ཝེན་ནས་ཐེ་ཝན་གྱི་སྐྱེས་པ་ཚོའི་དམག་ཁྲལ་དུས་ཡུན་ལོ་གཅིག་ལ་བསྲིངས། ང་ཚོས་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་ཐེ་ཝན་གྱི་ས་ཐོག་ཏུ་བཟོ་རྒྱུའི་འགྲོ་གྲོན་ཟུར་འཇོག་བྱས་ཡོད། ང་ཚོས་གང་ཐུབ་ཀྱི་སྒོ་ནས་རང་གིས་རང་ལ་སྲུང་སྐྱོབ་བྱེད་ཐུབ་པའི་གྲ་སྒྲིག་བྱེད་ཀྱི་ཡོད། ཐེ་ཝན་གྱིས་རྒྱ་ནག་ལ་གྲོས་མོལ་བྱ་རྒྱུ་དེར་དགའ་མོས་ཡོད། འོན་ཀྱང་ང་ཚོས་རྒྱ་ནག་གི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཁག་ལ་ངོས་ལེན་བྱ་ཐབས་མེད་ཅེས་ལན་འདེབས་བྱས་འདུག

ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ནས་མུ་མཐུད་དུ་དབྱིན་ཇིའི་གནམ་འཕྲིན་གསར་ཁང་གི་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། དེང་སྐབས་རྒྱ་ནག་གི་དམག་འཐབ་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱ་རྒྱུ་ཤུགས་ཇེ་ཆེ་ཡིན་ཞིང་། ༢༠༢༠་ནས་༢༠༢༢་བར་དུ་ཉིན་ལྟར་རྒྱ་ནག་གི་གནམ་གྲུ་དེ་རྣམས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱ་རྒྱུ་ལྡབ་ལྔ་ཇེ་མང་དུ་ཕྱིན་སོང་། ད་དུང་ཡང་རྒྱ་ནག་གི་གནམ་གྲུ་དང་དམག་གྲུ་སོགས་ཐེ་ཝན་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱ་རྒྱུ་སྡུག་ཏུ་འགྲོ་ཤས་ཆེ། གལ་སྲིད་རྒྱ་ནག་གི་གནམ་གྲུ་དང་དམག་གྲུ་སོགས་ཐེ་ཝན་གྱི་མཐའ་འཁོར་དུ་མཚོ་ལེ་༢༤་བརྒལ་ཚེ། སྔོན་ནས་ཚད་ཐིག་བསྒྲིགས་ཡོད་པའི་ཐེ་ཝན་གྱི་འཕུར་མདེལ་དེ་རྣམས་རང་བཞིན་གྱིས་འཕེན་གྱི་རེད། ཐེ་ཝན་མཚོ་འགག་ཏུ་རྐྱེན་ངན་ཆུང་ཆུང་ཞིག་གིས་དམག་འཁྲུག་ཆེན་པོ་ཞིག་སློང་སྲིད་པར་ང་ཚོས་རྟག་ཏུ་སེམས་ཁྲལ་བྱེད་ཀྱི་ཡོད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ཆེན་པོ་ཞིག་ལང་སྲིད་པ་འགོག་ཐབས་ནི་རང་ཚོད་འཛིན་རྒྱུ་ཁོ་ན་རེད། ཐེ་ཝན་གྱི་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་ཚོར་སྦྱོང་བརྡར་གང་ལེགས་ཐོབ་ཡོད། ཁོ་ཚོས་སྔོན་ལ་ཕར་རྒོལ་བྱེད་མི་ཆོག་པ་ཤེས་ཀྱི་ཡོད་པ་རེད། ང་ཚོས་སུ་གཅིག་ལའང་ཐེ་ཝན་སྐྱོབ་རོགས་བྱོས་ཞེས་ཞུ་བ་འཐེན་གྱི་མེད། ཐེ་ཝན་ལྟ་བུའི་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་རྣམ་འགྱུར་གསལ་པོ་སྟོན་རྒྱུ་གནད་འགག་ཆེ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་ན་དམངས་གཙོ་དང་རང་དབང་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ལངས་ཕྱོགས་གསལ་པོ་འཛིན་དགོས་པའི་ནན་བརྗོད་བྱས་འདུག ཉམས་ཞིབ་པ་ཚོས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ལྟར་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ཨ་རི་དང་ཉི་ཧོང་སོགས་དམག་འཁྲུག་དེར་ཞུགས་ནས་འཐབ་འཁྲུག་ཆེན་པོ་ཞིག་ལང་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ཙམ་ན་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ལེ་ཆིང་ཏེས་ཐེ་ཝན་མི་དམངས་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས། རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་མགོ་སྒུར་མི་ཉན་ཞེས་གཏམ་བཤད་བྱས་འདུག ཕྱི་ཟླ་དང་པོའི་ཚེས་༡༨་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ལེ་ཆིང་ཏེས་རྒྱ་ནག་ལ་ངོ་དགའ་བྱས་ནས་ཞི་བདེ་ཉོ་མི་ཐུབ། ཐེ་ཝན་མི་དམངས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན་རྒྱ་ནག་གི་བཙན་དབང་རིང་ལུགས་ལ་གདོང་ལེན་དང་ང་ཚོའི་རྒྱལ་སྲུང་གི་སྟོབས་ཤུགས་ཡར་རྒྱས་གཏོང་ཐུབ། དེ་ནས་ཐེ་ཝན་གྱི་བདེ་འཇགས་ལ་སྲུང་སྐྱོབ་ངོ་མ་ཞིག་བྱེད་ཐུབ་ཅེས་བསྒྲགས། ད་ལྟ་ལོ་ན་༦༣་ལ་སོན་པའི་སྲིད་འཛིན་གཞོན་པ་ལེ་ཆིང་ཏེ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་རྗེས་འཛིན་པ་དང་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ལ་བསྐོས། ཁོང་༢༠༢༤་ལོར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དེའི་སྐབས་སུ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་ལང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ༢༠༢༠་ལོར་སྲིད་འཛིན་ཚེ་དབྱིན་ཝེན་ལས་དུས་གཉིས་པར་ལངས་ཏེ་སྲིད་འཛིན་གཞོན་པ་ལེ་ཆིང་ཏེ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་མ་བཅུག་པར་བཀག་པ་མ་ཟད། ལེ་ཆིང་ཏེ་ནི་སྲིད་འཛིན་ཚེ་དབྱིན་ཝེན་ལས་ཀྱང་ཐེ་ཝན་རང་བཙན་བྱ་དགོས་ཞེས་གཏམ་བཤད་དང་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཞིག་ཡིན་འདུག དེར་བརྟེན་ལེ་ཆིང་ཏེ་རྒྱ་ནག་གི་ཁ་རྡུང་གཏོང་ཡུལ་གཙོ་བོ་ཞིག་ཏུ་གྱུར། ཁ་སང་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་སྲིད་འཛིན་གཞོན་པས་ང་ཚོས་རང་བཙན་གསལ་བསྒྲགས་བྱ་དགོས་དོན་མེད། ཐེ་ཝན་ནི་ཀྲུང་ཧྭ་མིན་གོ་ཞེས་འབོད་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཡིན་པ་རེད་ཅེས་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ལངས་ཕྱོགས་དེ་བསྐྱར་དུ་བཟློས།།

ཉི་ཧོང་གི་ནི་ཁེ་ཨེ་ཤི་ཡ་གསར་འགྱུར་ལས་ཁང་གིས་ཕྱི་ཟླ་དང་པོའི་ཚེས་༡༨་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་བྱས་པའི་ཐེ་ཝན་གྱི་ས་གནས་རིམ་པའི་འོས་བསྡུའི་སྐབས་སུ་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་ཕམ་ཉེས་བྱུང་བ་དང་མི་མང་འོས་ཤོག་འཕེན་མཁན་རྣམས་འདོད་བློ་མ་ཚིམས། སྲིད་འཛིན་གཞོན་པ་ལེ་ཆིང་ཏེས་ཐེ་ཝན་མི་དམངས་ཀྱི་དཀའ་ངལ་རྣམས་སེལ་ཐབས་བྱ་ངེས་ཡིན་ཞེས་ཁས་བླངས། ༢༠༢༤་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཐེ་ཝན་གྱི་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པས་ལེ་ཆིང་ཏེས་ང་ཚོས་ཐེ་ཝན་གྱི་ན་གཞོན་ཚོའི་དཀའ་ངལ་རྣམས་རྒྱུས་ལོན་བྱ་དགོས། ཐེ་ཝན་གྱི་ས་གནས་ཁག་ཏུ་གནས་ཁང་འདྲ་མཉམ་མེད་པ་དང་གླ་ཕོགས་དམའ་བའི་དཀའ་ངལ་ཁག་ལ་ལེགས་བཅོས་བྱས་ནས་སེལ་ཐབས་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ལེ་ཆིང་ཏེ་ནི་ཨ་མི་རི་ཀའི་ཧ་ཝར་ཌི་སློབ་གྲྭ་ཆེན་མོ་ནས་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཐོན། ༢༠༡༧་ནས་༢༠༡༩་བར་དུ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ལས་དུས་དང་པོའི་སྲིད་བློན་གྱི་ལས་ཁུར་བཞེས། ཁོང་གིས་༢༠༡༧་ལོར་ཐེ་ཝན་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་གཏམ་བཤད་ཐེངས་དང་པོ་བྱས་པའི་སྐབས་དེར་ང་ནི་ཐེ་ཝན་རང་བཙན་གྱི་ཆབ་སྲིད་ལས་མི་ཞིག་ཡིན་ཞེས་གསལ་བསྒྲགས་སྤེལ། ༢༠༡༨་ལོར་ཐེ་ཝན་གྱི་ས་གནས་རིམ་པའི་འོས་བསྡུའི་སྐབས་སུ་དམངས་གཙོ་ཡར་ཐོན་ཚོགས་པར་ཕམ་ཉེས་བྱུང་སྟེ་ལེ་ཆིང་ཏེ་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཏེ་སུ་ཙེང་ཁྲང་ཐེ་ཝན་གྱི་སྲིད་བློན་ལ་བསྐོས། ༡༩༩༦་ལོར་ཐེ་ཝན་གྱི་སྲིད་འཛིན་དམངས་གཙོའི་ལམ་ནས་འོས་འདེམས་བྱ་རྒྱུའི་ལམ་སྲོལ་གཏན་འབེབས་བྱུང་ནས་བཟུང་། ད་ལྟའི་བར་དུ་ཐེ་ཝན་མི་དམངས་ཀྱིས་སྲིད་དོན་ཚོགས་པ་གཅིག་ལ་སྲིད་དབང་ཐེངས་གསུམ་འཛིན་པའི་འོས་ཤོག་མ་འཕངས། དེས་ན་ལོ་རྗེས་མའི་སྲིད་འཛིན་འོས་འདེམས་སྐབས་སུ་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་རྒྱུ་ཁག་པོ་ཡིན་སྲིད། རྒྱ་ནག་གིས་༢༠༢༤་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་དམིགས་ནས་ཞིས་ཅིན་ཕིང་གི་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུའང་ཧ་ཅང་སྐད་ཆ་འཇམ་པོ་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG