ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༠༩/༢༧

ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་སྐད། 


༄༅།། ཨ་རིའི་དམག་སྤྱི་ཟུར་པ་དང་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱལ་སྲུང་སློབ་སྟོན་པ་མེག་མ་སི་ཊར་གྱིས་ཐེ་ཝན་ལ་བཙན་འཛུལ་དམག་འཁྲུག་འབྱུང་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་འདུག ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དབང་བསྒྱུར་བྱ་རྒྱུའི་འཆར་འགོད་ཐེངས་འགའ་ཞིག་བྱས་ཟིན་ཞིང་། ད་ལྟ་རྒྱ་ནག་གིས་དམག་དྲངས་ནས་ཐེ་ཝན་དབང་དུ་བསྡུ་རྒྱུའི་མཚམས་སུ་བསླེབས་འདུག་ཅེས་བསྟན། ཕྱི་ཟླ་དང་པོའི་ཚེས་༣་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དམག་སྤྱི་ཟུར་པ་མེག་མ་སི་ཊར་ལ་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་བཅར་འདྲི་ཞུས་པའི་སྐབས་སུ་ཞིས་ཅིན་ཕིང་གིས་གཏམ་བཤད་ཁག་ཏུ་ཐེ་ཝན་ལེན་རྒྱུ་ཡིན་པ་དང་རྒྱ་ནག་རྒྱལ་ཡོངས་ལ་ཐེ་ཝན་ལེན་དགོས་པའི་བསམ་བློ་གཏོང་དུ་འཇུག་གི་ཡོད་པ་གསལ་པོ་རེད། རྒྱ་ནག་ནི་དཔལ་འབྱོར་དང་ནོར་སྲིད་ཁོ་ན་མིན་པར་དམག་དོན་ཐོག་ཏུའང་བཙན་དྲག་ཅན་ཞིག་ཏུ་འགྱུར་གྱི་འདུག ང་ལ་འཇིགས་སྣང་ཆེ་ཤོས་ཡོང་ས་ནི་ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་ལ་དམག་འཁྲུག་རྒྱག་དགོས་པའི་སྐུལ་སློང་བྱེད་ཀྱི་ཡོད་པ་དེ་ཡིན། འདས་པའི་ཟླ་ཤས་ནང་དུ་ཞིས་ཅིན་ཕིང་གི་གཏམ་བཤད་རྣམས་རྗོད་ཚིག་ནན་པོ་དང་ཨ་མི་རི་ཀས་ངེས་པར་དུ་དམག་འཁྲུག་འབྱུང་རྒྱུའི་ཉེན་ཁ་རྣམས་ཤེས་དགོས། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་གཟབ་ནན་བྱ་དགོས་པ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུག་རེན་ལ་བཙན་འཛུལ་བྱས་པ་ལྟར་ཐེ་ཝན་ལ་འབྱུང་དུ་འཇུག་མི་ཉན། ཐེ་ཝན་ལ་བཙན་འཛུལ་འབྱུང་རྒྱུ་འགོག་ཐབས་མཆོག་ཏུ་གྱུར་པ་ནི་རྒྱ་ནག་ལ་དམག་འཁྲུག་གི་ཉེན་ཁ་ངོས་ཟིན་དུ་འཇུག་དགོས། ཨ་མི་རི་ཀས་ཨ་སྒོར་ཁྲག་ཁྲིག་གཅིག་དང་ཕྱེད་ཀ་ལྷག་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་ཀྱང་འདང་གི་མ་རེད། ཐེ་ཝན་ལ་བཙན་འཛུལ་བྱུང་སྟེ་ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ན་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏོང་དགོས་ཤས་ཆེ། ཁ་སྔོན་ཕྱི་ཟླ་༡༡་པའི་ནང་དུ་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་ཞིས་ཅིན་ཕིང་ནས་རྒྱ་ནག་གི་དམག་སྤྱི་ཚོར་བློ་སེམས་གཅིག་ཏུ་བསྒྲིལ་ནས་ཐེ་ཝན་ལ་དམག་འཁྲུག་རྒྱག་རྒྱུའི་བསམ་བློ་ཐོངས། ཁྱེད་ཚོའི་ནུས་པ་རྣམས་འཐབ་འཁྲུག་ལ་བཀོལ་དགོས་པ་དང་འཐབ་འཁྲུག་གི་ནུས་པ་ཆེ་རུ་བཏང་སྟེ་རྒྱལ་ཁ་ལེན་ཐུབ་པའི་འབད་བརྩོན་བྱ་དགོས་པའི་བཀའ་བཏང་ཟིན་པའི་གནས་ཚུལ་སྤེལ་སོང་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཕྱི་ཟླ་དང་པོའི་ཚེས་༣་ཉིན་ཧྥོབ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཐེ་ཝན་གཞུང་གིས་དམག་ཁྲལ་གྱི་དུས་ཡུན་རིང་དུ་གཏོང་རྒྱུའི་ཐག་གཅོད་བྱས་པ་དང་ཉི་ཧོང་གི་རྒྱལ་སྲུང་འགྲོ་གྲོན་སྤར་བ་བཅས་ལ་རྒྱ་ནག་གིས་ཁ་རྡུང་དྲག་པོ་བཏང་ཞིང་། ཐེ་ཝན་གྱིས་དམག་ཁྲལ་དུས་ཡུན་རིང་དུ་བཏང་བ་ནི་རྒྱ་ནག་གི་བཙན་འཛུལ་ཟློག་ཐབས་དང་ཉི་ཧོང་གི་རྒྱལ་སྲུང་འགྲོ་གྲོན་སྤར་བ་ཡང་རྒྱ་ནག་དང་བྱང་ཀོ་རི་ཡའི་རྒོལ་རྡུང་འཕོག་སྲིད་འགོག་ཐབས་ཤིག་རེད། ཉམས་ཞིབ་པ་ཁག་ཅིག་གིས་ཉི་ཧོང་དང་ཐེ་ཝན་གྱི་ཐག་གཅོད་ཁག་གིས་རྒྱ་ནག་ལ་ཐེ་ཝན་མྱུར་དུ་སྐམ་ས་ཆེན་མོའི་མངའ་འོག་ཏུ་བསྡུ་དགོས་པའི་སྐུལ་ལྕག་ཐེབས་སྲིད། ཉི་ཧོང་དང་ཐེ་ཝན་གཉིས་ལ་རྒྱ་ནག་གི་བཙན་འཛུལ་འགོག་ཐུབ་པའི་སྟོབས་ཤུགས་མ་རྒྱས་གོང་དུ་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དམག་འཁྲུག་བརྒྱབ་ན་དགེ་མཚན་ཆེ་བསམས་སྲིད་ཟེར། རྒྱ་ནག་གི་འགོ་ཁྲིད་ཚོས་འཆར་འགོད་དང་བསམ་ཞིབ་ཅི་ཞིག་བྱེད་ཀྱི་ཡོད་པ་རྣམས་ཚོད་དཔག་བྱ་རྒྱུ་ཤིན་ཏུ་དཀའ། ཡིན་ནའང་རྒྱ་ནག་གི་འགོ་ཁྲིད་ཚོས་ཤེས་ཀྱི་ཡོད་པ་དང་ཤེས་དགོས་པ་ཞིག་ནི་ཐེ་ཝན་ལ་དམག་འཁྲུག་བརྒྱབ་ན་དཔལ་འབྱོར་ཉམས་ཆག་འགྲོ་རྒྱུ་ལྡོག་ཏུ་མེད། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་དཔལ་འབྱོར་ཉམས་ཉེས་ཆེན་པོ་ཕྱིན་ཡོད་པ་དང་ཐེ་ཝན་མཐའ་བསྐོར་ནས་དམག་འཁྲུག་རྒྱག་དགོས་ན་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དེ་བས་ཀྱང་ཉམས་རྒྱུ་ཡིན་པ་དང་དམག་འཁྲུག་གི་མཇུག་འབྲས་ནི་སུ་གཅིག་གི་བློ་ཡུལ་དུ་མི་ཤོང་ དཔལ་འབྱོར་གྱི་ཁེ་ཕན་ཐོག་ནས་བལྟས་ན་ཐེ་ཝན་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་གནད་འགག་ཆེན་པོ་ཞིག་ཏུ་གྱུར། འདས་པའི་ལོ་ལྔའི་ནང་དུ་ཐེ་ཝན་པ་ཚོས་རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་བརྒྱ་ཆ་༨༧་མང་དུ་སོང་། དེ་ནི་ལོ་རེར་མ་རྩ་འཛུགས་མཁན་བརྒྱ་ཆ་༡༣་དང་གྲངས་ཆུང་༣་མང་དུ་ཕྱིན་པ་དང་རྒྱ་ནག་ཀྱང་ཐེ་ཝན་གྱི་དངོས་ཟོག་ལ་བརྟེན་དགོས་པར་གྱུར། འདས་པའི་ལོ་ལྔའི་ནང་དུ་རྒྱ་ནག་གིས་ཐེ་ཝན་གྱི་དངོས་ཟོག་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༧༡་མང་དུ་ཕྱིན་འདུག དེ་ནི་ལོ་རེར་ཐེ་ཝན་གྱི་དངོས་ཟོག་རྒྱ་ནག་གིས་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༡༡་དང་གྲངས་ཆུང་༣་མང་དུ་ཕྱིན་པ་རེད་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་དང་པོའི་ཚེས་༢་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༢་ལོར་རྒྱ་ནག་གི་དམག་གྲུ་དང་དམག་འཐབ་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་དང་མཚོ་ཁོངས་སུ་དཔུང་འཛུལ་བྱ་རྒྱུ་ལྡབ་གཉིས་མང་དུ་ཕྱིན་ཡོད་ཅིང་། དཔེར་ན་སྔ་ལོ་གཅིག་པུར་རྒྱ་ནག་གི་དམག་འཐབ་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་ཐེངས་༡༧༣༧་བྱུང་། ༢༠༢༡་ལོར་རྒྱ་ནག་གི་དམག་འཐབ་གནམ་གྲུ་ཁག་ཐེ་ཝན་གྱི་མངའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་ཐེངས་༨༧༢་ལས་མ་བྱུང་། ༢༠༢༠་ལོའི་ཕྱི་ཟླ་༩་པ་ནས་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་རང་གི་གནམ་མཚོ་གཉིས་སུ་རྒྱ་ནག་གི་དམག་གྲུ་དང་གནམ་གྲུ་དཔུང་འཛུལ་བྱས་པ་རྣམས་ཐོ་འགོད་བྱ་རྒྱུ་འགོ་ཚུགས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་བློན་ཆེན་རིམ་པའི་མཐོ་རིམ་ལས་སྣེ་ཞིག་ཐེ་ཝན་ལ་བཏང་བའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་པར་མ་ཟད། ༢༠༢༠་ལོར་རྒྱ་ནག་གི་དམག་འཐབ་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་ཐེངས་༣༨༠་བྱས་འདུག་ཅེས་གནས་ཚུལ་སྤེལ། ༢༠༢༢་ལོའི་ཕྱི་ཟླ་༨་པའི་མགོ་སྟོད་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལི་སི་དང་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲིར་ཕེབས་ནས་བཟུང་། རྒྱ་ནག་གཞུང་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་དང་ཨ་མི་རི་ཀར་ངོ་རྒོལ། ཨ་རིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱས་ན་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་ཐབས་མེད་ཅེས་ཉེན་བརྡ་བཏང་ཞིང་། སྲིད་འཛིན་བྷ་ཌན་གྱིས་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་དམག་བཏང་ནས་འགོག་རྒོལ་བྱ་རྒྱུ་ཡིན་ཞེས་སྲིད་ཇུས་ཁ་གསལ་མེད་པ་དེར་གསལ་ཁ་གཏད།།

ཨ་རི་དང་ནུབ་ཕྱོགས་ཀྱི་དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་དམག་འཐབ་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་ལན་མང་བྱེད་ཀྱི་ཡོད་པར་དགོས་པ་འགའ་ཞིག་འདུག ཐོག་མར་དམག་དོན་གྱི་ཆ་ནས་བཤད་ན་རྒྱ་ནག་གི་གནམ་གྲུའི་ཁ་ལོ་བ་ཚོར་ཐེ་ཝན་མཚོ་འགག་རྒྱུས་མངའ་ལོན་དུ་འཇུག་རྒྱུ་དང་ཐེ་ཝན་མཚོ་འགག་གི་མཁའ་དབྱིངས་སུ་དམག་འཁྲུག་ཇི་ལྟར་རྒྱག་དགོས་མིན་ཉམས་མྱོང་འཐོབ་ཏུ་འཇུག་རྒྱུ། གཉིས་པ་དེར་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་རྒྱ་ནག་གིས་འཇིགས་སྐུལ་གྱིས་ཐེ་ཝན་མི་དམངས་རྣམས་གཉའ་བཅག་སྟེ་དཔའ་ཞུམ་དུ་འཇུག་རྒྱུ་དང་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱེད་མི་ཕོད་པ་ཞིག་ཏུ་བསྒྱུར་རྒྱུ། དེ་བཞིན་ཨ་མི་རི་ཀའི་མི་དམངས་ལའང་ཐེ་ཝན་གྱི་དོན་དུ་དམག་འཁྲུག་བརྒྱབ་ན་དགེ་མཚན་མེད་པའི་གོ་བརྡ་འཕྲོད་དུ་འཇུག་རྒྱུའི་ཐབས་ཇུས་ཤིག་རེད། ཕྱི་ཟླ་༡༢་པའི་ཚེས་༢༥་ཉིན་རྒྱ་ནག་གི་དམག་འཐབ་གནམ་གྲུ་༤༧་ཐེ་ཝན་གྱི་མངའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱས་པ་ནི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༡༠༠་ཐམ་པའི་དམག་དོན་རོགས་རམ་སྤྲོད་རྒྱུའི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་པར་འབྲེལ་བ་འདུག་ཅེས་གནས་ཚུལ་སྤེལ། རྒྱ་ནག་གི་དཔུང་འཛུལ་དེ་ཚོར་ཐེ་ཝན་གྱིས་འགོག་རྒོལ་དྲག་པོ་བྱེད་ཐུབ་ཀྱི་མེད་པ་སྟེ། ད་ལོའི་རྒྱ་ནག་གི་དམག་དོན་འགྲོ་གྲོན་ནི་ཐེ་ཝན་གྱི་དམག་དོན་འགྲོ་གྲོན་ལས་ལྡབ་༡༣་མང་བ་ཡོད་པ་དང་། ལོ་འདིར་ཐེ་ཝན་གྱི་ཨ་སྒོར་ཐེར་འབུམ་༡༩་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་ཀྱང་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་༢༡༠་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༡་ཉིན་དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཨ་མི་རི་ཀའི་དམག་དོན་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་དུ་ཕེབས་ནས་མཚོ་གླིང་དེའི་སྐམ་མཚོ་གནམ་གསུམ་གྱི་དམག་གི་དཔུང་སྡེ་ཁག་གི་སྟོབས་ཤུགས་དང་དམག་འཐབ་ཀྱི་ནུས་པ་བཅས་ལ་ཞིབ་འཇུག ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་ཐེ་ཝན་གྱི་དམག་ལ་ཉམས་མྱོང་ཅི་ཞིག་སློབ་རྒྱུ་ཡོད་པ་དང་ཐེ་ཝན་གཞུང་གིས་དམག་ཁྲལ་གྱི་དུས་ཡུན་རིང་དུ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་བ་ཕན་ནུས་ཅན་ཞིག་ཏུ་ཇི་ལྟར་བསྒྱུར་དགོས་མིན་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ༡༩༤༩་ནས་གོ་མིན་ཏང་གིས་ཐེ་ཝན་ལ་དབང་བསྒྱུར་བྱས་ནས་མཚོ་གླིང་དེར་ཀྲུང་ཧྭ་མིན་གོ་ཞེས་པའི་རྒྱལ་ཁབ་བཙུགས། རྒྱ་ནག་དམར་ཤོག་གཞུང་གིས་ཐེ་ཝན་ལ་གཏན་ནས་དབང་བསྒྱུར་བྱས་མྱོང་མེད་ཀྱང་ལོ་ཤས་སྔོན་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཇེ་ཆེར་སོང་། ཐེ་ཝན་དང་ཨ་རིའི་རྒྱལ་སྲུང་འཆར་འགོད་པ་ཚོས་རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་གནམ་མཚོ་གཉིས་ནས་དཔུང་འཛུལ་བྱེད་ཀྱི་ཡོད་པ་རྒྱུན་ལྡན་ཞིག་ཏུ་གྱུར་ཏེ་ནམ་ཞིག་བཙན་འཛུལ་བྱ་རྒྱུ་སྟབས་བདེ་རུ་འགྲོ་ས་རེད་ཅེས་བཀྲལ། ཟླ་བ་སྔོན་མར་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཐན་ཁེ་ཧྥེས་ཟླ་རེའི་གསར་འགོད་ལྷན་ཚོགས་ཐོག་ཏུ་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་གནམ་གྲུ་དང་དམག་གྲུ་གཏོང་གི་ཡོད་པ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅི་གྱུར་ལ་སྲུང་སྐྱོབ་བྱེད་པའི་དོན་དུ་ཡིན། ཐེ་ཝན་གྱི་ཁ་བྲལ་རང་བཙན་དོན་གཉེར་བ་དང་ཕྱི་ལོགས་ཀྱི་ཐེ་ཇུས་ལ་འགོག་རྒོལ་བྱེད་པའི་ཆེད་དུ་ཡིན་ཞེས་བསྒྲགས། ཐེ་ཝན་གྱིས་མཚོ་གླིང་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞེས་ལངས་ཕྱོགས་འཛིན་གྱི་ཡོད་པ་དང་རྒྱ་ནག་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་ཞེས་རྩོད་པ་རྒྱག་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG