ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ལ་དམིགས་ནས་ཐེ་ཝན་གྱི་དམག་ཁྲལ་དུས་ཚོད་ཡུན་བསྲིངས། 


༄༅།། དེང་སྐབས་ཐེ་ཝན་གྱི་སྐྱེས་པ་ཚོ་ཟླ་བ་༤་ལ་དམག་ཁྲལ་རྒྱུག་དགོས་པའི་དུས་ཚོད་དེ་ལོ་༡་ལ་བསྒྱུར་རྒྱུའི་ཐག་བཅད། ཕྱི་ཟླ་༡༢་པའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་ཐེ་ཝན་གྱི་རྒྱལ་སྲུང་ཆེད་དུ་ཟླ་བ་བཞིའི་དམག་སྦྱོང་གིས་འགྲིག་ཐབས་བྲལ། ཐེ་ཝན་གྱི་དམག་ཁྲལ་དུས་ཚོད་ཡུན་བསྲིངས་པ་ནི་ཐག་གཅོད་ཧ་ཅང་དཀའ་བའི་གནད་དོན་ཞིག་ཡིན་རུང་མཚོ་གླིང་འདིའི་དམངས་གཙོའི་ལམ་ལུགས་དང་རང་དབང་གི་འཚོ་བར་སྲུང་སྐྱོབ་བྱེད་པར་དམག་ཁྲལ་དུས་ཚོད་ཡུན་མ་བསྲིངས་ཐབས་མེད་དུ་གྱུར། སུ་གཅིག་ལའང་དམག་འཁྲུག་རྒྱག་འདོད་ཡོད་མི་སྲིད། ཐེ་ཝན་གཞུང་དམངས་གཉིས་ཀར་དམག་འཁྲུག་རྒྱག་འདོད་མེད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་དམག་འཁྲུག་སློང་འདོད་ཅི་ལ་ཡོད། ཡིན་ནའང་ཞི་བདེ་ནི་གནམ་ནས་འབབ་རྒྱུ་ཡོད་པ་ཞིག་མ་རེད། ང་ཚོས་དམག་འཁྲུག་འགོག་པར་དམག་འཁྲུག་ལ་གྲ་སྒྲིག་ངེས་པར་དུ་བྱ་དགོས། ཐེ་ཝན་གྱི་དམག་ཁྲལ་དུས་ཚོད་ཡུན་སྲིང་སྲིད་ཇུས་༢༠༢༤་ཡི་ལོ་འགོ་ནས་ལག་ལེན་བསྟར་རྒྱུ་དང་༢༠༠༥་ཡི་རྗེས་སུ་སྐྱེས་པའི་སྐྱེས་པ་ཚོར་མ་གཏོགས་ཁྱབ་ཀྱི་མེད། དམག་ཁྲལ་བ་ཚོའི་ཟླ་ཕོགས་ཨ་སྒོར་༡༩༥་ནས་༦༥༠་ལ་སྤར་རྒྱུ་དང་ཞི་བདེ གཅེས་འཛིན་བྱེད་ཐུབ་མིན་ནི་རྒྱལ་སྲུང་གི་སྟོབས་ཤུགས་ལ་ཐུག་ཡོད། རྒྱལ་སྲུང་སྟོབས་ཤུགས་ནི་སྤྱི་དམངས་ཀྱི་སྟོབས་ཤུགས་ལ་ཐུག་ཡོད་ཅེས་གསལ་བསྒྲགས་སྤེལ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་མཚོ་གླིང་གི་དམག་དཔུང་རྣམས་འཐབ་རྒོལ་དཔུང་སྡེ་དང་དམག་སྒར་དཔུང་སྡེ། སྤྱི་དམངས་རྒྱལ་སྲུང་མ་ལག་དང་དམག་དཔུང་ཟུར་འཇོག་མ་ལག་བཅས་སྡེ་ཁག་༤་རུ་བགོས། ཐེ་ཝན་གྱི་འཐབ་རྒོལ་དཔུང་སྡེ་ནི་མངའ་ཁོངས་སྲུང་སྐྱོབ་ཀྱི་ཆེད་ལས་དམག་མི་ཚོར་གོ་དགོས་པ་དང་དམག་སྒར་དཔུང་སྡེ་ནི་དམག་ཁྲལ་བ་ཚོར་གོ་དགོས། དམག་ཁྲལ་བ་ཚོས་ཐེ་ཝན་གྱི་ཟམ་པ་དང་གློག་ཁང་། གྲུ་ཁ་དང་གནམ་ཐང་། རྒྱ་ལམ་སོགས་གནད་འགག་ཆེ་བའི་རྨང་གཞིའི་མཐུན་རྐྱེན་ཁག་ལ་སྲུང་སྐྱོབ་བྱ་རྒྱུ། དམག་སྦྱོང་གི་དུས་སུ་དམག་ཁྲལ་བ་ཚོར་སྨན་བཅོས་དང་ཁ་ལོ་བ་མེད་པའི་འཕུར་གྲུ་གཏོང་སྟངས། དེང་རབས་ཀྱི་མཚོན་ཆ་བཀོལ་སྤྱོད་བྱེད་སྟངས་རྣམས་་སློབ་ཁྲིད་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

༢༠༡༨་ལོར་ཐེ་ཝན་གཞུང་གིས་དམག་ཁྲལ་དུས་ཡུན་ལོ་༡་ནས་ཟླ་བ་༤་ལ་ཐུང་དུ་བཏང་ཞིང་། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་གསར་དུ་བསྡུས་པའི་དམག་ཁྲལ་བ་ཚོར་དུས་ཡུན་བདུན་ཕྲག་༨་ལ་གཞི་རྩའི་དམག་དོན་སློབ་སྦྱོང་སྤྲོད་རྒྱུ་དང་བདུན་ཕྲག་༤༤་ཡི་རིང་དམག་སྦྱོང་དངོས་ལ་ཞུགས་དགོས་ཞེས་གཏན་ལ་ཕབ། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཐེ་ཝན་གཞུང་དམངས་གཉིས་ཀས་དམག་ཁྲལ་གྱི་དུས་ཚོད་ཡུན་བསྲིང་དགོས། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་མཚོ་གླིང་དེའི་དམག་གིས་འགོག་རྒོལ་བྱེད་ཐུབ་རྒྱུ་ཡིན་མིན་ལ་གླེང་སློང་ཤུགས་ཆེན་བྱུང་། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་ལ་མིག་དཔེ་བལྟས་ནས་ཟུར་འཇོག་དམག་དཔུང་གི་སྦྱོང་བརྡར་དུས་ཡུན་རིང་དུ་བཏང་སྟེ་འཐབ་རྒོལ་གྱི་ནུས་པ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་བཟུང་། ཐན་ཅང་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་དང་འཐབ་ཇུས་ཞིབ་འཇུག་སློབ་གླིང་གི་སློབ་དཔོན་གཞོན་པ་ལིན་དབྱིང་ཡུས་ཐེ་ཝན་གྱི་དམག་ཁྲུལ་དུས་ཚོད་ཡུན་བསྲིངས་ན་མིའི་སྟོབས་ཤུགས་ཆེ་རུ་འགྲོ་སྲིད། ཡིན་ནའང་ཐེ་ཝན་གཞུང་གིས་རང་གི་སྲུང་སྐྱོབ་ཀྱི་དགོས་མཁོར་གཞིགས་ནས་དམག་ཁྲལ་བ་ཚོར་དུས་རབས་ཀྱི་འགྲོས་དང་མཐུན་པའི་དམག་སྦྱོང་ཚད་ལྡན་ཞིག་སྤྲོད་རྒྱུ་གནད་འགག་ཆེ། ཐེ་ཝན་དང་རྒྱ་ནག་གཉིས་ཀྱིས་དམག་འཁྲུག་བརྒྱབ་ཚེ། རྒྱ་ནག་གིས་ཐེ་ཝན་གྱི་གནམ་མཚོ་གཉིས་ལ་དབང་བསྒྱུར་བྱས་པའི་རྗེས་སུ་མཚོ་ཁ་ནས་དཔུང་འཇུག་བྱ་རྒྱུ་ཡིན་ཞིང་། རྒྱ་དམག་རྣམས་ཐེ་ཝན་གྱི་ས་ཐོག་ཏུ་མ་འབྱོར་གོང་དུ་མཚོ་གླིང་དེར་འཕུར་མདེལ་གྱིས་གཏོར་རྒོལ་དང་ཐེ་ཝན་གྱི་མཚོ་ལམ་འགོག་རྒྱུ་ཡིན་པས་མི་དམངས་ལ་བཟའ་བཏུང་སྐྱེལ་འདྲེན་དང་གབ་ཁུང་ནང་དུ་ཡིབ་ཕྱོགས་སོགས་ལ་ལམ་སྟོན་བྱ་དགོས། ངའི་སེམས་པར་ང་ཚོས་དམག་ཁྲལ་གྱི་དུས་ཚོད་ཡུན་བསྲིངས་པའི་རིང་དེར་དམག་ཁྲལ་བ་རྣམས་སྤྱི་ཡོངས་རྒྱལ་སྲུང་དཔུང་སྡེའི་ཁོངས་སུ་མཉམ་བསྲེས་ཇི་ལྟར་བྱེད་དགོས་མིན། ཁོ་ཚོར་དམག་སྦྱོང་སྤྲད་ནས་དམིགས་ཡུལ་འགྲུབ་ཐུབ་པ་ཞིག་འཁྱོངས་ཐུབ་པའི་བསམ་བློ་གཏོང་དགོས་ཞེས་ལམ་སྟོན་བྱས་འདུག

ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྐམ་ས་ཆེན་མོའི་དམག་གི་གནམ་གྲུ་༧༡་དང་དམག་གྲུ་༧་ཐེ་ཝན་ཕྱོགས་སུ་བཏང་སྟེ་འཇིགས་སྣང་བསྐུལ། ཁ་སྔོན་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་༦་པ་ནས་གཟའ་ཟླ་བའི་ཞོགས་པའི་ཆུ་ཚོད་༦་པ་བར་དུ་རྒྱ་ནག་གི་གནམ་གྲུ་༤༧་ཐེ་ཝན་མཚོ་འགག་བརྒལ། རྒྱ་ནག་གི་གནམ་གྲུ་དེ་དག་གི་གྲས་སུ་J-16་རྟགས་ཅན་གྱི་གནམ་གྲུ་༡༨་དང་J-1་རྟགས་ཅན་གྱི་གནམ་གྲུ་༡༡་ཡོད་པར་མ་ཟད། ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་Su-30་རྟགས་ཅན་གྱི་གནམ་གྲུ་༦་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་འདུས། ཐེ་ཝན་གྱི་སྐམ་དམག་འཕུར་མདེལ་དཔུང་སྡེ་དང་མཚོ་དམག་གཉིས་ཀས་རྒྱ་ནག་གི་གནམ་གྲུ་དེ་ཚོར་ལྟ་རྟོག་བྱས་པའི་གནས་ཚུལ་སྤེལ། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཧྲི་དབྱིས་ཨ་རིའི་རྒྱལ་སྲུང་འགྲོ་གྲོན་ཁོངས་སུ་ཐེ་ཝན་ལ་དམག་དོན་རོགས་རམ་སྤྲོད་རྒྱུུ་འཁོད་ཡོད་པར་རྒྱ་ནག་མ་དགའ་བ་རེད། ལོ་ཤས་གོང་ནས་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པར་པེ་ཅིང་གི་དབང་འཛིན་པ་ཚོ་ཁོང་ཁྲོས་བརྟས་ནས་ཐེ་ཝན་ལ་འཁྲུག་རྩོད་སློང་གི་ཡོད་པ་རེད་ཅེས་བཀྲལ། ཨ་རིའི་རྒྱལ་སྲུང་འགྲོ་གྲོན་ཁྲིམས་ཡིག་ནང་དུ་རྒྱ་ནག་ནི་ཨ་མི་རི་ཀའི་དམག་དོན་འཐབ་ཇུས་ཀྱི་ཁ་གཏད་ཅིག་རེད། རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀས་ཐེ་ཝན་ལ་བདེ་འཇགས་སྲུང་སྐྱོབ་ཐད་མཉམ་འབྲེལ་དམ་ཟབ་བྱ་དགོས། རྒྱ་གར་ལའང་རྒྱལ་སྲུང་འཕྲུལ་རིག་སོགས་ཀྱི་འབྲེལ་བ་རྒྱ་བསྐྱེད་དགོས་ཞེས་འཁོད།།

ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་རྒྱལ་སྲུང་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཤུའི་ཀྲི་ཧན་གྱིས་ཉེ་དུས་ཤིག་ནས་མཚོ་གླིང་དེའི་དམག་གི་མཚོན་ཆ་དང་དམག་དོན་ཡོ་བྱད། སྐམ་དམག་གི་སྦྱོང་བརྡར་དུས་ཡུན་བཅས་ལ་འགྱུར་བཅོས་བཏང་སོང་། ས་ལ་ཉལ་ནས་མེ་མདའ་འཕེན་སྟངས་དང་ལངས་ནས་མེ་མདའ་འཕེན་སྟངས། པུས་མོ་བཙུགས་ནས་མེ་མདའ་འཕེན་སྟངས་རྣམས་སློབ་ཀྱི་འདུག སྔོན་དང་མ་འདྲ་བར་དམག་ཁྲལ་བ་ཚོར་མདེའུ་ངོ་མ་སྤྲད་ནས་མེ་མདའ་འཕེན་དུ་འཇུག་རྒྱུ་ཇེ་མང་དུ་བཏང་ཡོད་ཅིང་། དམག་ཁྲལ་བ་ཚོར་མདེའུ་སྤྲོད་རྒྱུ་མང་དུ་བཏང་ནས་སྦྱོང་བརྡར་བྱེད་དུ་འཇུག་དགོས་པ་དང་མེ་མདའ་གཟིར་པོ་ཞིག་འཁྱོངས་པར་སྦྱོང་བརྡར་ཡུན་རིང་སྤྲོད་གལ་ཆེ། དམག་ཁྲལ་བ་ཚོར་སྐམ་དམག་གི་དམག་སྦྱོང་གཅིག་པུ་སྤྲད་ནས་འགྲིག་ཐབས་མེད། ཁོ་ཚོར་དཔུང་སྡེ་གཞན་གྱི་དམག་སྦྱོང་ཡང་སྤྲོད་དགོས་པ་དང་དམག་ཁྲལ་བ་རྣམས་ཚོགས་ཆུང་དུ་བགོས་ནས་དམག་སྦྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་འཐོབ་ཏུ་འཇུག་དགོས། གྲོང་ཁྱེར་གྱི་འཐབ་འཁྲུག་ནི་རྒྱལ་སྲུང་འཐབ་ཇུས་གནད་འགག་ཅན་ཞིག་ཡིན་པ་དང་མེ་མདའི་རྩེ་གྲི་འཛུགས་སྟངས། ལག་འཛིང་བྱེད་སྟངས་རྣམས་སྦྱོང་བརྡར་སྤྲོད་དགོས། དམག་ཁྲལ་བ་རྣམས་དམག་སྦྱོང་ཐོན་པའི་རྗེས་སུ་ཚོགས་ཆུང་གི་དམག་སྦྱོང་རྟག་ཏུ་རྒྱུན་ཆད་མེད་པར་སྤྲད་ན་ཕན་ཐོགས་འདུག ང་ཚོས་དམག་སྦྱོང་ཁོ་ན་མིན་པར་མ་འོངས་པར་དམག་འཁྲུག་གང་འདྲ་ཞིག་རྒྱག་རྒྱུ་ཡིན་མིན་གྱི་ཕུགས་བསམ་བརྟན་པོ་ཞིག་འཆང་དགོས་ཤིང་། ཡུཀ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་དང་རང་གི་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་བལྟས་ནས་ཐེ་ཝན་ལ་ཉམས་མྱོང་ལེན་རྒྱུ་མང་པོ་འདུག་ཅེས་བསྟན།།

ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་ལ་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག ད་ལོ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་རྒྱ་དམག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་རྒྱ་ཆེན་པོ་བྱས། ཨ་རིའི་རྒྱལ་སྲུང་སློབ་སྟོན་ལྷན་ཁང་གི་ལས་སྣེ་ཞིག་ནས་རྒྱ་ནག་གིས་འཁྲུག་རྩོད་སློང་སྟངས་དེ་ཨ་མི་རི་ཀས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་འགྱུར་གྱི་འདུག རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་ཞི་བདེ་བརྟན་ལྷིང་མེད་པར་བཏང་སྟེ་དམག་འཁྲུག་སློང་སྲིད་པའི་ཉེན་ཁ་ཇེ་ཆེ་རེད། ང་ཚོས་ཨ་རིའི་ཁྲིམས་ལུགས་ལྟར་ཐེ་ཝན་གྱིས་རང་ཉིད་སྲུང་སྐྱོབ་བྱེད་ཐུབ་པའི་མཚོན་ཆ་རྣམས་མཁོ་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་སྲིད་འཛིན་བྷ་ཌན་གྱིས་མཚོན་རྟགས་བཀོད་པའི་དམག་དོན་ཁྲིམས་ཡིག་ནང་དུ་མ་འོངས་པའི་ལོ་བཅུའི་རིང་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༡༠༠་ཐམ་པའི་དམག་དོན་རོགས་རམ་སྤྲོད་རྒྱུའི་གནས་ཚུལ་ཐོན། ཐེ་པེའི་རྒྱལ་སྲུང་དང་བདེ་འཇགས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་སུ་ཚུ་ཡུན་གྱིས་སྲིད་འཛིན་བྷ་ཌན་གྱིས་ཐེ་ཝན་ལ་དམག་དོན་རོགས་རམ་སྤྲོད་རྒྱུའི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་པར་རྒྱ་ནག་ཁྲོས་ནས་ཐེ་ཝན་ལ་སྡིགས་ར་སྐུལ་གྱི་ཡོད་པ་རེད། རྒྱ་ནག་གི་འཇིགས་སྐུལ་མུ་མཐུད་དུ་འབྱུང་རྒྱུ་དང་ཨ་མི་རི་ཀ་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ཁ་གསལ་མེད་པ་དེ་ནས་སྲིད་ཇུས་ཁ་གསལ་གྱི་ལམ་དུ་བསྐྱོད། འདི་ནི་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་ལྡོག་ཆེན་པོ་ཞིག་རེད། སྲིད་འཛིན་བྷ་ཌན་གྱིས་ཐེ་ཝན་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ཁོངས་སུ་ཚུད་དུ་འཇུག་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG