ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཐེ་ཝན་གྱི་འཕུར་མདེལ་ཁག་གིས་པེ་ཅིང་སོགས་ལ་གཏོར་རྒོལ་བྱེད་ཐུབ། 


༄༅།། ཐེ་ཝན་གྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་ཁག་ལ་སྙོབ་ཐུབ་པའི་འཕུར་མདེལ་བཟོས་ཡོད་པ་ངེས་གཏན་བྱུང་ཞིང་། ཉམས་ཞིབ་པ་ཚོས་རྒྱ་ནག་གིས་བདེ་བླག་ཏུ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ལས་སླ་པོ་ཞིག་མ་རེད་ཅེས་དཔྱད་བརྗོད་སྤེལ། ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་འཁོར་འདིར་ཐེ་ཝན་གྱི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་དང་རྒྱལ་ཡོངས་ཀྲུང་ཧྲན་ཚན་རིག་དང་འཕྲུལ་རིག་ཞིབ་འཇུག་ཁང་གི་གཙོ་འཛིན་ཟུར་པ་གུང་ཅཱ་ཀྲེང་གིས་༢༠༠༤་ནས་༢༠༠༧་བར་དུ་ཐེ་ཝན་གྱིས་རྒྱང་སྙོབ་འཕུར་མདེལ་བཟོ་སྐྲུན་བྱས་ཡོད། ཐེ་ཝན་གྱི་འཕུར་མདེལ་དེ་དག་གིས་པེ་ཅིང་ཚུད་པའི་རྒྱ་ནག་གི་གྲོང་ཁྱེར་མང་ཆེ་བར་གཏོང་རྒོལ་བྱེད་ཐུབ་ཅེས་གསལ་བཀྲོལ་བྱ་སའདུག ཐེ་ཝན་གྱི་རྒྱལ་ཡོངས་ཀྲུང་ཧྲན་ཚན་རིག་དང་འཕྲུལ་རིག་ཞིབ་འཇུག་ཁང་གི་གཙོ་འཛིན་ཟུར་པས་གུང་ཅཱ་ཀྲེང་གི་ཕྱིར་དྲན་ལོ་རྒྱུས་ཞེས་རང་རྣམ་ཞིག་བྲིས་ཡོད་པ་དེའི་ནང་དུ་ཐེ་ཝན་ལ་ས་ཐོག་ནས་ས་ཐོག་ཏུ་འཕེན་རྒྱུའི་ཤུང་ཧྥེང་འཕུར་མདེལ་གསར་པ་ཞིག་ཡོད། འཕུར་མདེལ་དེ་ཤུང་ཧྥེང་2E་ལ་བལྟས་ནས་བཟོས། འཕུར་མདེལ་དེར་རྒྱང་ཐག་སྤྱི་ལེ་༥༠༠་ཐམ་པར་སྙོབ་པ་དང་སྤྱི་ལེ་༡༠༠༠་ཐམ་པར་སྙོབ་པའི་རིགས་གཉིས་ཡོད། ཐེ་ཝན་གྱི་སྲིད་འཛིན་ཁྲེན་ཧྲུའི་པེན་གྱི་དུས་སུ་ཤུང་ཧྥེང་འཕུར་མདེལ་དེ་དག་ཚོད་ལྟ་ལེགས་གྲུབ་བྱུང་ཡོད་ཅེས་བཀོད། ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་ཐེ་ཝན་གྱི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་གུང་ཅཱ་ཀྲེང་གི་རང་རྣམ་དེར་ཐེ་ཝན་རྒྱལ་ནང་དུ་འཕུར་མདེལ་གསར་བཟོ་ཇི་ལྟར་བྱས་པ་དང་མཚོ་གླིང་དེའི་འཕུར་མདེལ་བཟོ་སྐྲུན་གྱི་འཕེལ་རིམ་རྣམས་གསལ་པོར་འཁོད་འདུག་ཅེས་གནས་ཚུལ་སྤེལ། སྔོན་ཆད་ཉམས་ཞིབ་པ་ཚོས་ཐེ་ཝན་གྱི་ཤུང་ཧྥེང་འཕུར་མདེལ་རྣམས་རྒྱ་ནག་གི་ཝུ་ཧན་དང་ཆིང་ཏའོ་སོགས་ལ་སྙོབ་ཐུབ་པའི་ཚོད་དཔག་བྱས་འདུག

ཕྱི་ཟླ་༡༢་པའི་ཚེས་༡༩་ཉིན་ཐེ་ཝན་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༤་པར་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོར་ཤུང་ཧྥེང་འཕུར་མདེལ་དེའི་རྩེ་མོར་འབར་གས་ཀྱི་ནུས་ཤུགས་ཆེ་བ་དང་འགད་འཐོར་གྱི་ནུས་བ་ཆེ་བའི་རྩེ་མདེལ་རིགས་གཉིས་འཁྱེར་ཐུབ། འཕུར་མདེལ་དེ་དག་ལ་དགྲ་ཕྱོགས་ཀྱི་དམག་དཔུང་བཀོད་འདོམས་ཁང་དང་ཡིབ་ཁང་། གནམ་ཐང་གི་འཕུར་ལམ་རྣམས་གཏོར་ཐུབ་པའི་ནུས་པ་ཡོད། ང་ཚོས་ཐེ་སྒོར་དུང་ཕྱུར་༡༧༠་འགྲོ་གྲོན་བཏང་སྟེ་༢༠༢༢་ནས་འགོ་འཛུགས་ཀྱིས་༢༠༢༥་ལོར་འཕུར་མདེལ་༡༣༡་བཟོ་སྐྲུན་ཐུབ་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་ཅེས་སྙན་སེང་ཞུས། གུང་ཅཱ་ཀྲེང་གིས་སྲིད་འཛིན་ཁྲེན་ཧྲུའི་པེན་གྱི་དུས་སུ་མཚོ་གླིང་དེས་འབེན་ཕོག་འཕུར་མདེལ་ཞིག་ཀྱང་ཚོད་ལྟ་བྱས་ནས་གྲུབ་འབྲས་ཐོན་ཡོད། འཕུར་མདེལ་དེ་ནི་གནམ་གྲུའི་འཕུར་མདེལ་ཕར་ཟློག་བྱེད་པའི་འཕུར་མདེལ་ཞིག་ཡིན་པ་དང་ལས་གཞི་དེར་མི་༤༠༠་ལྷག་མཉམ་ཞུགས་བྱས་ཡོད། ཐེ་ཝན་གྱི་ས་ཐོག་ཏུ་འཕུར་མདེལ་དེའི་རིགས་བཟོ་སྐྲུན་བྱས་པ་ཐེངས་དང་པོ་ཡིན། ཐེ་ཝན་གྱི་རྒྱལ་ཡོངས་ཚན་རིག་དང་འཕྲུལ་རིག་ཞིབ་འཇུག་ཁང་གིས་ཤུང་ཧྥེང་༣་པ་སྟེ། དམག་གྲུ་གཏོར་སྤྱད་འཕུར་མདེལ་ཞིག་བཟོ་སྐྲུན་བྱས་ནས་ཨ་མི་རི་ཀར་འཕུར་མདེལ་དེའི་སྣུམ་མཁོ་སྤྲོད་བྱ་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ཨ་མི་རི་ཀས་ཐེ་ཝན་གྱིས་འཕུར་མདེལ་བཟོས་ནས་རང་མགོ་ཐོན་ཐབས་བྱེད་ཀྱི་འདུག་ཅེས་ཤུང་ཧྥེང་༣་པར་མཁོ་བའི་སྣུམ་དེ་བཙོངས་མ་བྱུང་། ང་ཚོས་སྣུམ་དེ་བཟོ་ཐུབ་ཀྱང་མང་པོ་བཟོ་དཀའ། ཐེ་ཝན་གྱི་ཡུན་ཧྥེང་འཕུར་མདེལ་རིགས་མ་འདྲ་བ་གཉིས་བཟོས་ཡོད་པ་དེ་དག་རྒྱང་ཐག་སྤྱི་ལེ་༡༢༠༠་དང་སྤྱི་ལེ་༢༠༠༠་ཐམ་པར་སྙོབ་ཐུབ། ཐེ་པེ་ནས་པེ་ཅིང་བར་གྱི་རྒྱང་ཐག་ནི་སྤྱི་ལེ་༡༧༠༠་ཙམ་རེད་ཅེས་བྲིས།།

ཕྱི་ཟླ་༡༢་པའི་ཚེས་༡༩་ཉིན་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གི་ལེའོ་ནིང་འབབ་གྲུ་ཆེན་མོ་གཙོ་འཁོར་བཅས་དམག་གྲུ་༦་མཱི་ཡ་ཀོ་མཚོ་འགག་བརྒྱུད་ནས་ཞི་བདེ་རྒྱ་མཚོའི་ནང་དུ་བསྐྱོད། དེར་བརྟེན་ཐེ་ཝན་གྱི་ཤར་ཕྱོགས་སུ་ཉེན་ཁ་ཆེན་པོ་བྱུང་བ་དང་རྒྱ་ནག་གི་དམག་གྲུ་དེ་རྣམས་གནམ་མཚོ་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་ལ་ཞུགས་ཀྱི་འདུག ང་ཚོས་ཐེ་ཝན་གྱི་ཤར་ཕྱོགས་སུ་སྲུང་སྐྱོབ་ཡག་ཏུ་གཏོང་བར་གནམ་དམག་དང་མཚོ་དམག་ལ་གྲ་སྒྲིག་ཨང་གསར་བྱེད་དུ་བཅུག་པ་ཡིན། རྒྱ་ནག་གི་དམག་གྲུ་རྣམས་མཱི་ཡ་ཀོ་མཚོ་འགག་བརྒྱུད་ནས་དཔུང་སྐྱོད་བྱས་པ་ཐེངས་དང་པོ་མིན་རུང་ཐེ་ཝན་གྱི་ཤར་ཕྱོགས་མཚོ་ཁར་འཕུར་མདེལ་བཙུགས་ནས་སྲུང་སྐྱོབ་ཡར་རྒྱས་བཏང་ཡོད། རླངས་འཁོར་ཐོག་ཏུ་བཙུགས་པའི་འཕུར་མདེལ་ཤུང་ཧྥེང་༢་པ་དང་ཤུང་ཧྥེང་༣་པ་རྣམས་ཐེ་ཝན་གྱི་ཤར་ཕྱོགས་སུ་བཙུགས་ཡོད་པར་མ་ཟད། ཨ་མི་རི་ཀ་ནས་ནང་འདྲེན་བྱས་པར་ཧར་པུན་འཕུར་མདེལ་ཡང་ཁ་སྣོན་བཙུགས་ཡོད། ཐེ་ཝན་རྒྱལ་ཡོངས་སུ་བཙུགས་ཡོད་པའི་འཕུར་མདེལ་གྱི་ནུས་པ་ཡག་ཏུ་གཏོང་དགོས། ང་ཚོས་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་ཤར་ཕྱོགས་ཀྱི་མཚོ་ཁ་ཡིན། ཀྲུང་ཧྲན་ཚན་རིག་དང་འཕྲུལ་རིག་ཞིབ་འཇུག་ཁང་གིས་མྱུར་མགྱོགས་འཕུར་མདེལ་གྱི་མ་ལག་ཅིག་བཟོ་སྐྲུན་བྱེད་ཀྱི་ཡོད་ཀྱང་འཕུར་མདེལ་རྣམས་གང་དུ་འཛུགས་རྒྱུ་ཡིན་མིན་གྱི་གནས་ཚུལ་ཞིབ་ཆ་ཕྱིར་བསྒྲགས་བྱ་རྒྱུ་མིན། ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལངས་པའི་དུས་སུ་ཧྭ་ལཱེན་རྫོང་གི་ཧོ་ཐེ་ཧྲན་དམག་སྒར་ལྟ་བུར་ཆེད་དུ་དམིགས་ནས་གཏོར་རྒོལ་འཕོག་ཤས་ཆེ། ཐེ་ཝན་གྱི་འཕུར་མདེལ་གསར་པ་རྣམས་༢༠༢༦་ལོར་འགྲུབ་ཀྱི་ཡོད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་ཡུ་རེ་ཨེ་ཤི་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀས་ཡུཀ་རེན་གྱི་དམག་འཁྲུག་ལ་དཔེ་བལྟས་ནས་ཐེ་ཝན་ལ་མཚོན་ཆ་ཕྱིར་ཚོང་དང་རྒྱ་ནག་གི་བཙན་འཛུལ་འགོག་རྒྱུའི་འཐབ་ཇུས་ཤིག་ལག་ལེན་བསྟར་རྒྱུ་ཡིན་ཞིང་། དཔེར་ན་ཕྱི་ཟླ་༡༢་པའི་ཚེས་༡༥་ཉིན་ཨ་རིའི་གྲོས་ཚོགས་གོང་མས་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་༨༥༨་ཀྱི་མཚོན་ཆ་ཕྱིར་ཚོང་བྱ་རྒྱུའི་གྲོས་ཆོད་བཞག གྲོས་ཆོད་དེར་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་ཉམས་མྱོང་ལ་གཞིགས་ནས་ཨ་མི་རི་ཀས་མྱུར་དུ་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་དགོས། མ་འོངས་པའི་ལོ་ལྔའི་རིང་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༡༠༠་ཐམ་པའི་མཚོན་ཆ་རོགས་རམ་སྤྲོད་དགོས་ཞེས་སྲིད་དོན་ཚོགས་པ་གཉིས་གྲོས་འཆམ་བྱུང་། ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་དེར་ཡུཀ་རེན་ལ་བཙན་འཛུལ་བྱུང་བ་ལྟར་ཐེ་ཝན་ལའང་བཙན་འཛུལ་འབྱུང་སྲིད། སྲིད་འཛིན་བྷ་ཌན་གྱིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པ་ལྟར་ཨ་མི་རི་ཀའི་དམག་གི་མཚོན་ཆའི་ཁོངས་ནས་ཐེ་ཝན་ལའང་མཚོན་ཆ་རོགས་རམ་སྤྲོད་ཆོག ཐེ་ཝན་གྱི་རང་སྲུང་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་༢༠༢༧་ཡས་མས་སུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཉེ་ཆར་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷིལ་བྷན་སི་ཡིས་ཞིས་ཅིན་ཕིང་གིས་དམག་གི་འགོ་ཁྲིད་ཚོར་༢༠༢༧་གྱི་མཚམས་སུ་དམག་འཁྲུག་རྒྱག་ཐུབ་པའི་གྲ་སྒྲིག་བྱ་དགོས་པའི་བཀའ་ཕབ་འདུག ཁོ་པས་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་རྒྱུ་ཡིན་ཟེར་གྱི་ཡོད་ཀྱང་ལྐོག་ཏུ་དམག་དཔུང་ལ་འཐབ་འཁྲུག་གི་གྲ་སྒྲིག་བྱ་དགོས་པའི་བཀོད་འདོམས་བྱས་ཡོད་པ་གསལ་པོ་རེད་ཅེས་བསྟན།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། གལ་སྲིད་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་དམག་འཁྲུག་ལངས་ཚེ། ཨ་རི་དང་ཉི་ཧོང་གི་རྒྱབ་སྐྱོར་མ་བསླེབས་བར་དུ་ཐེ་ཝན་ལ་ཉི་མ་༡༡་གི་རིང་འདང་བའི་རང་བྱུང་སོལ་རླངས་དང་རྡོ་སྣུམ་ལས་མེད་པས་རྒྱ་ནག་གིས་དམག་འཁྲུག་ཆེན་པོ་ཞིག་རྒྱག་མི་དགོས་ཤིང་། རྒྱ་ནག་གིས་ཐེ་ཝན་ལ་སོལ་རླངས་དང་རྡོ་སྣུམ་གྱི་ཐོན་ཁུངས་བཀག་སྟེ་འུ་ཐུག་ཏུ་འཇུག་ཐུབ། དེང་སྐབས་རྒྱ་ནག་གིས་དམག་སྦྱོང་བྱེད་ཀྱི་ཡོད་པ་ཁག་ཅིག་ཐེ་ཝན་ལ་རང་བྱུང་ནུས་ཤུགས་ཀྱི་འབྱུང་ཁུངས་གཅོད་རྒྱུའི་དམག་འཇུས་ངོ་མ་དེ་ཡིན་མི་སྲིད་པ་མིན་ཞེས་བསྒྲགས། ༢༠༢༡་ལོར་ཨ་རིའི་ཝིར་ཇཱི་ཎི་ཡ་མངའ་སྡེའི་ལི་སི་བྷག་ས་གནས་སུ་ཚོགས་སུ་ཨ་རི་དང་ཐེ་ཝན་གྱི་རྒྱལ་སྲུང་བཟོ་ལས་ལྷན་ཚོགས་ཐོག་ཏུ་ཐེ་ཝན་གྱི་སྐྱེལ་འདྲེན་རྣམས་མཚོ་ལམ་ཡིན་པ་དང་མཚོ་གླིང་དེར་རྡོ་སྣུམ་སོགས་ཀྱི་ཐོན་སྐྱེད་མེད་པ། རྒྱ་ནག་གིས་མཚོ་ལམ་བཀག་ན་ཐེ་ཝན་ལ་དམག་རྒྱག་མི་དགོས་པར་མགོ་སྒུར་དུ་འཇུག་ཐུབ་ཅེས་བཀྲལ། ཡིན་ནའང་ཨ་རིའི་དམག་དོན་ཉམས་ཞིབ་པ་མོན་ཊི་གྷོ་མཱི་རི་ཡིས་གྲོས་ཚོགས་གོང་མས་ཐེ་ཝན་ལ་མཚོན་ཆ་མཁོ་སྤྲོད་ཀྱི་གྲོས་ཆོད་བཞག་པ་གནད་འགག་ཆེན་པོ་རེད། འདི་ནི་༡༩༧༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱུང་བ་ལས་ཀྱང་གནད་འགག་ཆེ། ཅིའི་ཕྱིར་ཞེ་ན་སྔ་ལོའི་ཕྱི་ཟླ་༡༢་པར་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༡༤༠་ཐམ་པའི་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱུང་བ་ཨ་སྒོར་དུང་ཕྱུར་༡༩༠་མ་ཟིན་ཙམ་ཞིག་ཏུ་གྱུར་ཡོད་པས་དངུལ་དེའི་རིན་འབབ་གྱི་མཚོན་ཆ་རྣམས་འཕྲལ་དུ་ཐེ་ཝན་ལ་མཁོ་སྤྲོད་བྱ་དགོས་ཞེས་འཁོད་འདུག ཉེ་ཆར་ཕྱི་ཟླ་༡༠་པའི་ནང་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་དམག་སྤྱི་ཝང་ཧྲིན་ལུང་གིས་ཨ་མི་རི་ཀས་མཚོན་ཆ་བཙོང་རྒྱུའི་ཐག་བཅད་ཡོད་པ་རྣམས་མྱུར་དུ་མཁོ་སྤྲོད་བྱ་དགོས་ཞེས་འབོད་སྐུལ་ཞུས། ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་མཁོ་སྤྲོད་བྱ་རྒྱུ་ཅི་ཙམ་འགྱངས་ན་དེ་ཙམ་གྱིས་རྒྱ་ནག་ནས་བཙན་འཛུལ་འབྱུང་རྒྱུ་དང་ཐེ་ཝན་གྱིས་རང་ཉིད་སྲུང་སྐྱོབ་བྱེད་མི་ཐུབ་པའི་མཚམས་སུ་སླེབས་སྲིད་ཅེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG