ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༡༢/༠༩

རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ལོ་༧༣་གྱི་སྔོན་ལྟར་འབྱུང་སྲིད། 


༄༅།། རྒྱ་ནག་གིས་ཨུ་རུ་སུར་མིག་དཔེ་བལྟས་ནས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་ཞིས་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་ངེས་པར་དུ་གཅིག་གྱུར་བྱ་དགོས་ཞེས་བསྟན། ཕྱི་ཟླ་༡༠་པའི་ཚེས་༣༠་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ལོ་༧༣་གྱི་སྔོན་དེར་རྒྱ་དམག་ལ་སྣ་སུན་ཕོག་པ་ལྟར་བསྐྱར་དུ་ཇུས་ཉེས་ཆེན་པོ་འབྱུང་སྲིད་ཅེས་གནས་ཚུལ་སྤེལ་འདུག ༡༩༤༩་ལོའི་ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་གྱི་ཉིན་གུང་ཆུ་ཚོད་༡:༣༠་སྟེང་དུ་རྒྱ་དམག་༩༠༠༠་ལྷག་གིས་རྒྱ་ནག་གི་མཚོ་འགྲམ་ནས་དབྱིན་ལེ་༦་གི་མཚམས་སུ་ཆགས་པའི་ཐེ་ཝན་གྱི་ཅིན་མེན་གླིང་ཕྲན་ལ་དཔུང་འཇུག་བྱ་རྒྱུ་མགོ་བརྩམས། ཁོ་ཚོ་རྒྱ་དམག་༢༠༠༠༠་ཅིན་མེང་གླིང་ཕྲན་དུ་བཏང་བའི་མདུན་སྐྱོད་པ་ཡིན་ཞིང་། དེ་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་ནང་འཁྲུག་གི་རྒྱལ་ཁ་ཐོབ་སྟེ་དཔའ་སྟོབས་རྒྱས་ཡོད་པའི་དུས་སྐབས་ཤིག་ཡིན་པ་དང་ཅིན་མེན་གླིང་ཕྲན་སྐམ་ས་ཆེན་མོའི་མངའ་འོག་ཏུ་བསྡུ་རྒྱུའི་ཧམ་སེམས་བཅངས། རྒྱ་དམག་གི་བཀོད་འདོམས་པ་ཚོས་ཉི་མ་གསུམ་གྱི་ནང་ཚུད་དུ་དཔའ་སྟོབས་ཞུམ་སྟེ་གཉའ་ཆག་ཡོད་པའི་གོ་མིན་ཏང་གི་དམག་དཔུང་ཆམ་ལ་ཕབ། རྒྱ་དམག་ལ་རྒྱལ་ཁ་ཐོབ་རྒྱུ་དུས་ཚོད་སྔ་གཞུག་ཙམ་གྱི་ཁྱད་པར་རེད་བསམས། ཉི་མ་གསུམ་གྱི་རྗེས་སུ་ཅིན་མེན་སྔར་བཞིན་གོ་མིན་ཏང་གིས་བཟུང་ཡོད་པ་དང་རྒྱ་དམག་གི་སྡེ་ཤོག་གསུམ་རྨེག་མེད་དུ་བཅོམ། ༡༩༤༩་ནས་ཅང་ཅེ་ཧྲིས་འགོ་ཁྲིད་པའི་གོ་མིན་ཏང་གི་དམག་དཔུང་ཕྱིར་འཐེན་བྱས་ནས་ཐེ་ཝན་དུ་བྲོས། མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་གུང་ཁྲན་ཏང་གི་དམག་དཔུང་འབྲི་ཆུ་བརྒལ་ནས་མདུན་དུ་བསྐྱོད། ལོ་དེར་རྒྱ་ནག་རྒྱལ་ཡོངས་གུང་ཁྲན་ཏང་གི་དབང་བསྒྱུར་འོག་ཏུ་ཚུད་ནས་པེ་ཅིང་ལ་དམར་ཤོག་སྲིད་གཞུང་བཙུགས། རྒྱ་ནག་དམར་ཤོག་གི་དམག་དཔུང་ནི་རྒྱལ་ཁ་ནས་རྒྱལ་ཁ་དང་འགོག་ཐབས་མེད་པ་ཞིག་ཡིན་སྙམ་ཡོད་པའི་སྐབས་དེར་ཅིན་མེང་གླིང་ཕྲན་གྱི་དམག་འཁྲུག་སྐབས་སུ་རྒྱ་དམག་ལ་ཕམ་ཉེས་ཐེངས་དང་པོ་བྱུང་།།

རྒྱ་ནག་སྐམ་ས་ཆེན་མོར་དབང་བསྒྱུར་བྱས་པའི་རྗེས་སུ་མའོ་ཙེ་ཏུང་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་གྲབས་བཤམས། ཅིན་མེན་གླིང་ཕྲན་ལ་ས་ཁྱོན་དབྱིན་ལེ་གྲུ་བཞི་མ་༥༩་ཡོད་པ་དང་ཡུལ་མི་༤༠༠༠༠་ལྷག་ལས་མེད་ཅིང་། ༡༩༥༤་ལོ་དང་༥༨་སོ་སོར་དེང་སྐབས་ཨུ་རུ་སུས་ཡུཀ་རེན་ལ་མེ་སྒྱོགས་ཀྱིས་གཏོར་རྒོལ་བྱེད་ཀྱི་ཡོད་པ་ལྟར་རྒྱ་ནག་གིས་ཐེ་ཝན་གྱི་ཅིན་མེང་གླིང་ལ་མེ་སྒྱོགས་བརྒྱབ་ནས་གཏོར་རྒོལ་བྱས་ཀྱང་ལེན་མ་ཐུབ། འོན་ཀྱང་རྒྱ་ནག་གིས་ཐེ་ཝན་བཅིངས་འགྲོལ་བཏང་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་དྲིལ་བསྒྲགས་ཀྱི་སྲིད་ཇུས་རྒྱུན་བསྐྱངས། ཉེ་ཆར་ཚོགས་པའི་རྒྱ་ནག་གི་དམར་ཤོག་ཚོགས་ཆེན་ཐོག་ཏུ་ཞིས་ཅིན་ཕིང་གིས་ཐེ་ཝན་ཞི་བའི་སྒོ་ནས་སྐམ་ས་ཆེན་མོར་གཅིག་གྱུར་བྱ་རྒྱུའི་འབད་བརྩོན་བྱེད་ངེས་ཡིན། རྒྱ་ནག་ལ་དགོས་ངེས་བྱུང་ན་དམག་འཁྲུག་བརྒྱབ་ནས་ཐེ་ཝན་མངའ་འོག་ཏུ་བསྡུ་རྒྱུ་དང་དམག་དཔུང་བཀོལ་རྒྱུ་མིན་པའི་ཁས་ལེན་ནམ་ཡང་བྱེད་ཐུབ་ཅེས་བསྒྲགས། པེ་ཅིང་གིས་ཐེ་ཝན་དམིགས་འབེན་དུ་བཟུང་ནས་འདས་པའི་ལོ་མང་རིང་དམག་དཔུང་དེང་རབས་ཅན་དུ་བསྒྱུར། ད་ལྟ་རྒྱ་ནག་ལ་དམག་གྲུ་༣༥༥་དང་དེང་རབས་ཀྱི་མཚོན་ཆ་རང་འགྲིག་གི་སྐམ་མཚོ་གནམ་གསུམ་གྱི་དཔུང་འཇུག་དམག་མི་༧༠༠༠༠་ཡས་མས་ཤིག་ཡོད་པར་མ་ཟད། རྒྱ་ནག་གི་འཕུར་མདེལ་དང་ཐད་འཕུར་གནམ་གྲུའི་དཔུང་སྡེ། དམགས་བསལ་གྱི་སྦྱོང་བརྡར་ཐོབ་པའི་སྡེ་ཤོག་ཁག་ཐེ་ཝན་གྱི་བདེ་འཇགས་ལ་ཉེན་ཁ་ཤིན་ཏུ་ཆེ། ཡིན་ནའང་དབྱིན་ལེ་༡༠༠་ཐམ་པའི་ཕ་རོལ་གྱི་མཚོ་འགྲམ་དེར་རྒྱ་ནག་གི་བཙན་འཛུལ་དམག་ལ་ཅི་ཞིག་བྱུང་རྒྱུ་ཡིན་མིན་ངེས་གཏན་བྲལ། ཐེ་ཝན་གྱིས་ཨ་རི་ནས་ཨ་སྒོར་དུང་ཕྱུར་མང་པོའི་མཚོན་ཆ་ནང་འདྲེན་དང་དམག་དཔུང་ལ་སྦྱོང་བརྡར་སྤྲད། རྒྱ་དམག་གིས་ཐེ་ཝན་གྱི་དམག་ལ་ཁ་གཏད་གཅོག་རྒྱུ་ནི་ལས་སླ་པོ་ཞིག་ཡིན་མི་སྲིད་ཅེས་གནས་ཚུལ་སྤེལ་འདུག

ཁ་སང་གཟའ་ཉི་མའི་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་དམངས་གཙོའི་ལམ་ལུགས་དར་ཡོད་པའི་ཐེ་ཝན་མི་དམངས་ས་ཡ་༢༤་ལ་སྡིགས་ར་བསྐུལ་རྒྱུ་ཤུགས་ཇེ་ཆེ། རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་མཐའ་བསྐོར་ཏེ་བཙན་འཛུལ་བྱ་རྒྱུའི་དམག་སྦྱོང་ཚུགས། རྒྱ་དམག་གི་གནམ་གྲུ་དང་དམག་གྲུ་རྣམས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་དང་མཚོ་ཁོངས་སུ་དཔུང་འཛུལ། ཕྱི་ཟླ་༡༠་པའི་མགོ་སྟོད་འདིར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མཚོ་འགག་ཕྱོགས་གཉིས་ལ་ཞི་བདེ་བརྟན་ལྷིང་བསྐྲུན་པར་ཐེ་ཝན་གཞུང་གིས་གཉིས་མོས་ཀྱི་ལམ་ནས་གྲོས་མོལ་བྱེད་འདོད་ཡོད། ཐེ་ཝན་གྱི་བདག་དབང་ནི་ནམ་ཡང་བློས་གཏོང་ཐབས་མེད་ཅེས་ནན་བརྗོད་བྱས་འདུག རྒྱ་ནག་གིས་འཇིགས་སྐུལ་དང་དམག་སྦྱོང་། ཐེ་ཝན་ལ་ཕྱོགས་གང་ཐད་དུ་བཙན་དྲག་བཀོལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་རྒྱ་ནག་གིས་ཡུན་རིང་མི་འགོར་བར་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་འཇིགས་སྣང་བྱེད་དགོས་པ་ཞིག་ཏུ་གྱུར། རྒྱལ་སྤྱིའི་དམག་དོན་ཉམས་ཞིབ་པ་ཚོས་འཐུས་མི་༦་ཡོད་པའི་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་དེ་དམག་འཁྲུག་གི་ལྷན་ཁང་ཞིག་མ་རེད། ཁོ་ཚོ་རྒྱ་ནག་གི་དམག་དཔུང་དེང་རབས་ཅན་དུ་སྒྱུར་གྱི་ཡོད་པ་རྒྱུན་འཁྱོངས་བྱེད་མཁན་ལྟར་དུ་སྣང་ཞེས་བཀྲལ། སིངྒ་པུར་གྱི་རྒྱལ་སྤྱིའི་རྒྱལ་སྲུང་དང་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཇཱེམ་སི་ཆར་གྱིས་སྐབས་ཤིག་གི་རིང་ཨེ་ཤི་ཡའི་མངའ་ཁུལ་དུ་དམག་འཁྲུག་ཆེན་པོ་ཞིག་ལང་རྒྱུ་ཁག་པོ་རེད། རྒྱ་ནག་གིས་དམག་འཁྲུག་མ་བརྒྱབ་པར་རྒྱལ་སྲུང་གི་དམིགས་ཡུལ་རྣམས་བསྒྲུབ་ཤས་ཆེ། ཞིས་ཅིན་ཕིང་གི་དམིགས་ཡུལ་གཅིག་ནི་༢༠༤༩་ཡས་མས་སུ་རྒྱ་ནག་གི་དམག་དཔུང་ཨ་མི་རི་ཀའི་དམག་གི་དོ་ཟླར་ཕོད་པའི་འཛམ་གླིང་གི་དམག་དཔུང་རྩེ་གྲས་ཁོངས་སུ་ཚུད་ཐབས་བྱ་རྒྱུ་དེ་རེད་ཅེས་སྨྲས།།

ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཤར་ཕྱོགས་དམག་ཁུལ་ཁང་གི་བཀོད་འདོམས་པ་ཟུར་པ་དམག་སྤྱི་ཧེ་ཝེ་ཏུང་དབུས་དམག་དོན་གཙོ་འཛིན་གཞོན་པར་བསྐོ་བཞག་བྱས་པ་ནི་ཨ་མི་རི་ཀ་ལྟར་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དཔང་སྡེ་ཁག་དུས་གཅིག་ཏུ་འཐབ་འཁྲུག་ལ་ཞུགས་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུའི་ཀུན་སློང་ཡིན་ཞིང་། རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གིས་དུས་མཉམ་དུ་འཐབ་འཁྲུག་མ་བརྒྱབ་པར་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཧ་ཅང་དཀའ། ༢༠༡༩་ལོར་ཧེ་ཝེ་ཏུང་གིས་རྒྱ་ནག་ཤར་ཕྱོགས་ཀྱི་དམག་ཁུལ་ཁང་གི་བཀོད་འདོམས་པའི་ལས་འགན་ཁུར་པའི་རྗེས་སུ་ཐེ་ཝན་མཚོ་འགག་གི་དགོས་མཁོར་གཞིགས་ནས་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་དུས་མཉམ་དུ་འཐབ་འཁྲུག་ལ་ཞུགས་ཐུབ་རྒྱུའི་འགྱུར་བཅོས་གཏོང་རྒྱུར་འབད། ཧེ་ཝེ་ཏུང་གི་འགྱུར་བཅོས་དེའི་འབྲས་བུར་ལོ་འདིའི་ཕྱི་ཟླ་༨་པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་གཞུག་དེར་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དམག་གིས་ཐེ་ཝན་མཐའ་བསྐོར་རྒྱུའི་དམག་སྦྱོང་བྱས་པ་དང་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་འཕུར་མདེལ་འཕངས་ནས་དམག་སྦྱོང་ཚུགས་པས་མཚོན་ནུས། དེ་ནི་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་འགོ་ཁྲིད་ཚོར་བསམ་བློ་གསར་པ་ཞིག་ཡིན་འདུག ཨ་རིའི་མཁའ་དམག་སློབ་ཆེན་གྱི་རྒྱ་ནག་གི་གནམ་དམག་ཞིབ་འཇུག་ཁང་གི་འགན་འཛིན་རོ་ཌི་ལིས་ཐེ་ཝན་ལ་བཙན་འཛུལ་བྱ་དགོས་ན་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་འབྲེལ་བྱ་རྒྱུ་གནད་འགག་ཆེན་པོ་རེད། ཧེ་ཝེ་ཏུང་དབུས་དམག་ལྷན་ཁང་གི་གཙོ་འཛིན་གཞོན་པར་བསྐོས་ནས་ཉམས་མྱོང་གསར་པ་དེ་ཁྱབ་སྤེལ་གཏོང་ཐུབ། ཁོ་པར་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་ལ་གཞོགས་འདེགས་བྱེད་པར་དམག་སྐུལ་ཇི་ལྟར་བྱེད་དགོས་མིན་གྱི་ཉམས་མྱོང་ཡོད་པ་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༡༠་པའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་དཔྱད་ཞིབ་གནས་ཚུལ་སྤེལ་བ་དེར་འཁོད་པ་ལྟར་ན། ནུབ་ཕྱོགས་དང་ཨེ་ཤི་ཡའི་དམག་དོན་ཉམས་ཞིབ་པ་༨་ཀྱིས་རྒྱ་ནག་གི་དམག་སྤྱི་གསར་པ་རྣམས་ཞིས་ཅིན་ཕིང་ལ་གཞུང་དྲང་བློ་དཀར་ཡིན་པ་ཤ་སྟག་ཡིན་པ་དང་ཁོ་ཚོ་དམག་དོན་འཐབ་ཇུས་ལ་མཁས་པོ་ཡིན་པ་དེ་འདྲ་ནི་མ་རེད། རྒྱ་ནག་གི་དམག་སྤྱི་གསར་པ་ཚོ་མུ་མཐུད་དུ་ཐེ་ཝན་ལ་འཇིགས་སྐུལ་བྱ་རྒྱུ་དེར་ཕན་ཐོགས་འདུག རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་༧་གྱིས་དམག་འཁྲུག་རྒྱག་དགོས་མིན་ཐག་གཅོད་བྱ་རྒྱུ་དང་དབུས་དམག་དོན་ལྷན་ཁང་ལ་དམག་འཁྲུག་རྒྱག་དགོས་མིན་ཐག་གཅོད་བྱེད་ཆོག་པའི་དབང་ཚད་མི་འདུག ཞིས་ཅིན་ཕིང་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཡིན་ན་དབུས་དམག་དོན་ལྷན་ཁང་གི་འཐུས་མི་ཚོའི་རྒྱབ་སྐྱོར་འཐོབ་དགོས། དེས་ན་ཁོ་པས་རང་གི་ཕྱོགས་གཏོགས་རྣམས་དབུས་དམག་དོན་ལྷན་ཁང་གི་འགོ་ཁྲིད་གྲས་སུ་བསྐོ་བཞག་བྱས་པ་རེད། རྒྱ་ནག་གིས་རྟག་ཏུ་ཐེ་ཝན་འཕྲལ་དུ་ལེན་ཐུབ་རྒྱུ་ཡིན་མིན་དེར་མནོ་བསམ་བཏང་ནས་ཐེ་ཚོམ་གྱི་འཛིན་གྱི་ཡོད་པ་དང་ཡུཀ་རེན་གྱི་དམག་འཁྲུག་གིས་རྒྱ་ནག་ལ་འཐབ་འཁྲུག་ཡུན་བསྲིངས་མི་ཉན་པའི་སློབ་གསོ་ཐོབ། རྒྱ་ནག་གི་དམག་དཔོན་གོ་གནས་འཕར་བ་རྣམས་དམག་འཁྲུག་གི་ཉམས་མྱོང་ལྡན་པ་དང་དམག་དོན་འཐབ་ཇུས་མཁས་པའི་ཁྱད་ཆོས་འཛོམས་ཏེ་གོ་གནས་འཕར་བ་ཞིག་མ་རེད། ཞིས་ཅིན་ཕིང་དང་རྒྱ་ནག་གི་དམག་སྤྱི་གསར་པ་ཚོ་སྒེར་གྱི་འབྲེལ་བ་བཟང་པོ་ཡོད་པའམ། ཡང་ན་ཁོ་ཚོའི་ཕ་མ་ཚོར་འབྲེལ་བ་བཟང་པོ་ཡོད་པའི་རྐྱེན་གྱིས་གོ་གནས་འཕར། ༡༩༧༩་ལོར་རྒྱ་ནག་གིས་ཝི་ཏེ་ནམ་ལ་བཙན་འཛུལ་བྱས་ནས་ཇུས་ཉེན་ཆེན་པོ་བྱུང་། ད་ལྟ་རྒྱ་དམག་ལ་འཐབ་འཁྲུག་གི་ཉམས་མྱོང་ཅི་ཡང་མེད་པར་ཐེ་ཝན་ལ་བཙན་འཛུལ་བྱས་ན་དེ་བས་ཀྱང་ཕམ་ཉེས་དང་ཇུས་ཉེས་འབྱུང་རྒྱུའི་ཉེན་ཁ་ཆེ་ཞེས་བསྡོམས་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད།

XS
SM
MD
LG