ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

འབྲུག་གཞུང་གིས་མིས་རང་སྲོག་གཅོད་རྒྱུ་འགོག་ཐབས།


༄༅།། འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ས་ཡ་མང་པོའི་འཚོ་བའི་མདུན་ལམ་ངེས་གཏན་མེད་པར་གྱུར་པ་དང་ལས་ཀ་ཤོར་བ། ཕ་མ་སྤུན་མཆེད་དང་མཛའ་གྲོགས་བཅས་ལ་འབྲེལ་བ་ཆད། སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་མི་དང་མི་དངོས་སུ་ཐུག་འཕྲད་མེད་པར་འགྲོ་བ་མིའི་ལུས་སེམས་གཉིས་ཀར་གནོན་ཤུགས་ཆེན་པོ་ཞིག་ཐེབས་ནས་སྐྱེ་བོ་བརྒྱ་ཕྲག་མང་པོས་རང་སྲོག་གཅོད་ཀྱི་ཡོད་ཅིང་། དཔེར་ན་གོ་ལའི་ཁྱོན་དུ་ལོ་ལྟར་ཉུང་མཐར་ཡང་མི་གྲངས་འབུམ་༧་ལྷག་གིས་རང་སྲོག་བཅད་ནས་འཆི་ལམ་སྙེག་གི་ཡོད་པའི་གནས་ཚུལ་ཐོན་འདུག བདུན་ཕྲག་སྔོན་མར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཏོག་དབྱིབས་ནད་དུག་ཁྱབ་གདལ་མ་ཕྱིན་གོང་དུ་འབྲུག་གཞུང་གིས་མི་མང་འགའ་ཤས་ཀྱིས་རང་སྲོག་གཅོད་ཀྱི་ཡོད་པ་ནི་སྤྱི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཤིང་། འབྲུག་རྒྱལ་ཡོངས་སུ་རང་སྲོག་བཅད་ནས་འཆི་ཐབས་བྱེད་མཁན་བཞི་བྱུང་ཡང་རང་སྲོག་བཅད་པ་གཅིག་མ་གཏོགས་ཕྱིར་བསྒྲགས་མི་འབྱུང་། འབྲུག་ཡུལ་གྱི་ས་གནས་ཁག་ཏུ་རང་སྲོག་བཅད་ནས་འཆི་ཐབས་བྱེད་བཞིན་པའི་གྲངས་འབོར་ཧ་ཅང་ཉུང་ཉུང་ཞིག་ཕྱིར་བསྒྲགས་བྱེད་ཀྱི་འདུག ༢༠༡༥་ནས་འབྲུག་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་མི་མང་ཁག་ཅིག་གིས་རང་སྲོག་གཅོད་ཀྱི་ཡོད་པ་སྔོན་འགོག་གི་ལས་གཞི་མགོ་བཙུགས་ཏེ་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་ལྟ་རྟོག་བྱ་རྒྱུ་འཕྲོད་བསྟེན་གྱི་རྩ་དོན་ཞིག་ལ་ངོས་འཛིན་བྱས་པ་རེད་ཅེས་བསྟན།།

འབྲུག་གཞུང་གིས་བཀོད་སྒྲིག་བྱས་པའི་༢༠༡༨་ནས་༢༠༢༣་བར་གྱི་རང་སྲོག་གཅོད་རྒྱུ་སྔོན་འགོག་གི་ལས་གཞིའི་ཁོངས་སུ་མི་གང་ཞིག་ལ་རང་སྲོག་གཅོད་རྒྱུའི་བསམ་བློ་འཁོར་གྱི་ཡོད་པའི་རྟགས་མཚན་ཐོན་མ་ཐག་ཏུ་མི་དེར་ལྟ་རྟོག་དང་སློབ་གསོ་བརྒྱབ་ནས་སྔོན་འགོག་བྱ་དགོས། མི་དེར་སེམས་གསོ་དང་སྨན་བཅོས་སོགས་ཀྱི་རོགས་སྐྱོར་བྱས་ནས་ལུས་སེམས་བདེ་ལ་འགོད་དགོས་ཞེས་བཀོད། འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་མགོ་སྟོད་དེར་སེམས་ཁམས་འཕྲོད་བསྟེན་གྱི་ལས་སྣེ་ཉུང་ཤས་ཤིག་དང་སེམས་ཁམས་སྨན་པ་གཉིས། སེམས་ཁམས་འཕྲོད་བསྟེན་གྱི་སྦྱོང་བརྡར་ཐོབ་པའི་སྨན་ཞབས་པ་འགའ་ཞིག་དང་སྨན་ཁང་ཁག་ཏུ་སློབ་སྟོན་པ་ཁག་ཅིག་ལས་མི་འདུག ༢༠༢༠་ལོར་འབྲུག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་སེམས་ཁམས་འཕྲོད་བསྟེན་དང་སེམས་ཁམས་སློབ་སྟོན་པའི་རུ་ཁག་བཙུགས་ཏེ་ནད་ཡམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་མགོ་ཚུགས་ནས་མི་དམངས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་ལུས་སེམས་ཀྱི་དཀའ་ངལ་འཕྲད་བཞིན་པ་རྣམས་སེལ་ཐབས་ཀྱི་རོགས་ཕན་ཆེན་པོ་ཐུབ་པ་རེད་ཅེས་གནས་ཚུལ་སྤེལ་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྙན་ཐོ་དེར་འབྲུག་གཞུང་གིས་སེམས་ཁམས་འཕྲོད་བསྟེན་དང་རང་སྲོག་གཅོད་རྒྱུ་སྔོན་འགོག་གི་སྲི་ཞུ་བ་ཚོར་སྦྱོང་བརྡར་སྤྲད། ༢༠༢༠་ནས་༢༠༢༡་བར་དུ་འབྲུག་ཡུལ་གྱི་སེམས་ཁམས་འཕྲོད་བསྟེན་རུ་ཁག་གིས་ལས་མི་༢༠༠༠༠་ལྷག་གྲོང་གསེབ་ཁག་ཏུ་བཏང་སྟེ་རང་སྲོག་གཅོད་སྲིད་པའི་རྟགས་མཚན་ཐོན་པའི་མི་མང་ལ་གཞི་རྩའི་སེམས་ཁམས་འཕྲོད་བསྟེན་གྱི་སྲི་ཞུ་སྒྲུབ། ཁོ་ཚོས་དྲྭ་ལམ་དུ་མི་༢༠༠་ལྷག་ལ་རང་སྲོག་གཅོད་རྒྱུ་སྔོན་འགོག་གི་སློབ་གསོ་བཏང་སྟེ་སེམས་ཁམས་འཕྲོད་བསྟེན་གྱི་གནད་འགག་ངོ་འཕྲོད་དུ་བཅུག སེམས་ཁམས་འཕྲོད་བསྟེན་གྱི་སྦྱོང་བརྡར་ལ་ཞུགས་པ་ཚོས་སྦྱོང་བརྡར་རྗེས་སུ་མི་དམངས་ཀྱི་གྲས་སུ་མིའི་རིགས་གང་འདྲ་ཞིག་གིས་རང་སྲོག་གཅོད་སྲིད་པའི་ཉེན་ཁ་དང་རྟགས་མཚན་ངོས་འཛིན་བྱ་རྒྱུ་སྟབས་བདེ་རུ་ཕྱིན་ཡོད་པར་མ་ཟད། འབྲུག་ཡུལ་གྱི་འཕྲོད་བསྟེན་ལས་སྣེ་ཚོ་ལའང་ལུས་སེམས་ཀྱི་གནོན་ཤུགས་ཐེབས་ནས་དཀའ་ངལ་འཕྲད་ན་བཅོས་ཐབས་བྱ་དགོས་པ་གཙིགས་སུ་བཟུང་། འབྲུག་ཡུལ་གྱི་འཕྲོད་བསྟེན་ལས་སྣེ་ཚོས་ཏོག་དབྱིབས་ནད་ཡམས་ཀྱིས་སེམས་ཁམས་འཕྲོད་བསྟེན་ལ་དམིགས་པའི་སྲིད་ཇུས་རྣམས་ལག་ལེན་བསྟར་རྒྱུའི་གོ་སྐབས་ཐུན་མོང་མ་ཡིན་པ་ཞིག་ཐོབ་ཏུ་བཅུག་སོང་། ཁ་པར་དང་དྲྭ་ལམ་དུ་སེམས་ངལ་ཅན་ཚོར་སེམས་གསོ་དང་མི་དེ་དག་གི་སེམས་ཀྱི་དཀའ་ངལ་རྣམས་ཕྱི་རུ་བཤད་ནས་ཕན་ཐོགས་བྱུང་ཞིང་། འབྲུག་ཡུལ་ལ་ཁ་པར་གྱི་ལམ་ནས་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ལྟ་སྐྱོང་བྱེད་པའི་ལམ་སྲོལ་གསར་པ་ཞིག་དར་སོང་ཞེས་བཤད། སེམས་ཁམས་འཕྲོད་བསྟེན་ལས་སྣེ་ཚོས་འབྲུག་ཡུལ་དུ་སེམས་ཁམས་ཀྱི་ན་ཚ་ཡོད་པ་དང་ཆང་རག དུད་ནག་ལ་ངན་ལོབས་ཕྱིན་ཡོད་པའི་མི་༡༥༠༠་ལྷག་ལ་ལྟ་རྟོག་བྱེད་ཀྱི་ཡོད་པར་མ་ཟད། སེམས་ཁམས་བདེ་ཐང་མེད་པ་དང་ཆང་རག དུད་ནག་སོགས་ལ་ངན་ལོབས་ཕྱིན་པའི་མི་དེ་དག་གིས་རང་སྲོག་གཅོད་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG