ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

ལ་དྭགས་ཀྱི་བུད་མེད་ཚོར་ཁྲག་ཚད་མ་ལོངས་པའི་ན་ཚ་ཕོག


ལ་དྭགས་ཀྱི་བུ་མོ་ལོ་༡༥་ནས་བུད་མེད་
ལ་དྭགས་ཀྱི་བུ་མོ་ལོ་༡༥་ནས་བུད་མེད་

༄༅།། ལ་དྭགས་ཀྱི་བུ་མོ་ལོ་༡༥་ནས་བུད་མེད་ལོ་༤༩་བར་དུ་སོན་པ་དེ་དག་གི་གྲས་ཀྱི་མི་བརྒྱ་ཆ་༩༢་ལ་ཁྲག་ཚད་མ་ལོངས་པའམ། ཡང་ན་ཁྲག་དམར་གྱི་ཕྲ་ཕུང་ཉུང་དྲགས་པའི་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། ཕྱི་ཟླ་༦་པའི་ཚེས་༡༥་ཉིན་རྒྱ་གར་གྱི་ཊི་རི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་རྒྱལ་ཡོངས་ཟས་བཅུད་དང་ཟས་སྤྱོད་ཞིབ་འཇུག་ཁང་གིས་ལ་དྭགས་ཀྱི་གྲོང་གསེབ་ཁག་གི་དབུལ་ཕོངས་དང་ཤེས་ཚད་དམའ་བ། དཔལ་འབྱོར་དང་འཚོ་བའི་མཐུན་རྐྱེན་ཞན་པའི་ཁྱིམ་ཚང་ཁག་གི་བུད་མེད་ཚོ་ཁྲག་ཚད་མ་ལོངས་པར་ནད་པར་འགྱུར་གྱི་ཡོད་པ་དང་། ལ་དྭགས་པ་ཚོར་བཅུད་ལྡན་གྱི་བཟའ་བཏུང་མཁོ་སྦྱོར་བྱ་ཐབས་ཅི་ཞིག་ཡོད་མེད་ཐད་ཞིབ་འཇུག་བྱ་རྒྱུའི་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་རྒྱལ་ཡོངས་ཟས་བཅུད་དང་ཟས་སྤྱོད་ཞིབ་འཇུག་ཁང་གི་ལས་གཞི་འདིས་ལ་དྭགས་ཀྱི་བུད་མེད་ཁག་ཅིག་ལ་ཟས་བཅུད་ཅི་ཞིག་མ་ཚང་བར་ཁྲག་ཚད་ལོངས་ཀྱི་མེད་པ་དང་ལ་དྭགས་པའི་ཟས་སྤྱོད་ལ་འགྱུར་བ་ཅི་ཞིག་གཏོང་དགོས་མིན་སོགས་ཤེས་རྟོགས་ཐུབ་རྒྱུའི་རེ་ལྟོས་བཅངས། རྒྱ་གར་གྱི་ཧེ་ཌི་ར་བྷ་དྷ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཟས་བཅུད་ཞིབ་འཇུག་ཁང་གི་སྨན་པ་ཧེ་མན་ཏ་མ་ཧ་ཇན་གྱིས་མི་གྲངས་དང་ས་ཁྱོན་ཅི་ཙམ་ལ་བརྟག་དཔྱད་བྱ་དགོས་མིན། བརྟག་དཔྱད་ཀྱི་དུས་ཡུན་དང་བརྟག་དཔྱད་ཀྱི་ཐབས་ཚུལ། ཞིབ་འཇུག་གི་གྲུབ་འབྲས་སོགས་ཕྱོགས་སྒྲིག་བྱེད་ཕྱོགས་བཅས་ཀྱི་གཙོ་འགན་ཁུར་ཡོད་པའི་གསར་འགྱུར་ཐོན་འདུག

ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༢༧་ཉིན་སྨན་པ་མ་ཧ་ཅན་ནས་རྒྱ་གར་གྱི་མངའ་སྡེ་༢༨་དང་དབུས་ཐད་སྐྱོང་མངའ་ཁུལ་༨་བཅས་ཁྱོན་བསྡོམས་ས་གནས་ཁག་༣༦་གི་ནང་དུ་ཁྱིམ་ཚང་ལྟར་ཞིབ་འཇུག་རིམ་པ་༨་བྱས་ནས་གཞི་གྲངས་ཞིབ་ཕྲ་ཞིག་བསྡུ་རུ་བྱ་རྒྱུའི་ཐག་བཅད་མོད། འོན་ཀྱང་ལ་དྭགས་ཀྱི་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་སྨན་པ་དངོས་གྲུབ་རྡོ་རྗེས་ས་ཁམས་ཆགས་སྟངས་དེ་ལོགས་སུ་ཡོད་པའི་སྟབས་ཀྱིས་ལ་དྭགས་ལ་ཟས་སྤྱོད་མ་འདྲ་བའི་གོམས་གཤིས་ཤིག་དར་ཡོད། ཟས་བཅུད་མ་འདང་བ་ཡོང་གི་ཡོད་ཀྱང་ལ་དྭགས་པ་ཚོས་དུས་རབས་མང་པོར་རང་གི་སྲོལ་རྒྱུན་གྱི་བཟའ་བཏུང་ལ་རོལ་ནས་འཚོ་བ་བསྐྱལ་བ་རེད། སྔོན་འགྲོའི་བརྟག་དཔྱད་ཀྱི་གྲུབ་འབྲས་སུ་བུ་མོ་ལོ་༡༥་ནས་བུད་མེད་ལོ་༤༩་བར་དུ་སོན་པ་བརྒྱ་ཆ་༩༢་ལ་ཁྲག་ཚད་མ་ལོངས་པའི་དཀའ་ངལ་ཆེན་པོ་འདུག བརྟག་དཔྱད་ཞིབ་ཚགས་ཤིག་བྱས་ན་དེའི་རྒྱུ་རྐྱེན་རྣམས་ཤེས་རྟོགས་ཐུབ་སྲིད་ཅེས་བཀྲལ།།

ལ་དྭགས་ཀྱི་རྒྱལ་ས་གླེའི་གློ་གཅང་སྨན་བཅོས་ཁང་གི་སྨན་པ་སྒྲོལ་མ་ཆོས་སྐྱིད་ཀྱིས་བུད་མེད་ཚོར་ཁྲག་ཚད་མ་ལོངས་པའི་དཀའ་ངལ་འཕྲད་བཞིན་པར་ཞིབ་འཇུག་བྱེད་ཚེ། ལ་དྭགས་པ་སྤྱི་ཡོངས་ལ་ཕན་ཐོགས་འབྱུང་གི་རེད་ཅེས་བསྟན། ཧེ་ཌི་ར་བྷ་དྷ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཟས་བཅུད་དང་ཟས་སྤྱོད་ཞིབ་འཇུག་ཁང་གི་སྨན་པ་དེ་བ་ར་ཇ་པི་ཞེས་པ་ཞིག་གིས་འབྲེལ་ཡོད་ཀྱི་རིམ་པ་ཁག་གིས་དགོས་ངེས་ཀྱི་ཆོག་མཆན་བཀོད་པའི་རྗེས་སུ་བུད་མེད་ཚོར་ཁྲག་ཚད་མ་ལོངས་པའི་ནད་མནར་འབྱུང་དོན་ཅི་ཡིན་བརྟག་དཔྱད་བྱས་ནས་གྲུབ་འབྲས་གང་ལེགས་ཐོན་རྒྱུའི་རེ་བ་ཡོད་ཅེས་བཤད་འདུག ཉམས་ཞིབ་པ་ཁག་ཅིག་གིས་ལ་དྭགས་ཀྱི་བུད་མེད་ཚོར་ཁྲག་ཚད་མ་ལོངས་པའི་ན་ཚ་འཕོག་གི་ཡོད་པ་ནི་ཆགས་ཡུལ་ས་ཆ་མཐོ་དྲགས་ཏེ་མི་དམངས་ལ་སྔོ་ཚོད་མང་པོ་ལོངས་སུ་སྤྱོད་རྒྱུ་མེད་པའི་རྐྱེན་གྱིས་ཡིན་སྲིད་ཟེར།།

ལ་དྭགས་ཀྱི་བུད་མེད་ཚོར་ཁྲག་ཚད་མ་ལོངས་པའི་ནད་མནར་འབྱུང་གི་ཡོད་པ་ནི་གསར་དུ་ཕྲད་པའི་དཀའ་ངལ་ཞིག་མིན་ཞིང་། ༢༠༢༣་ལོའི་ཕྱི་ཟླ་དང་པོའི་ཚེས་༡༢་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚོགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་ཡོངས་ཁྱིམ་ཚང་འཕྲོད་བསྟེན་ཞིབ་བཤེར་ཐེངས་༥་པའི་སྐབས་སུ་མི་འབོར་འབུམ་༣་ཡས་མས་ཤིག་ལས་མེད་པའི་རྒྱ་གར་གྱི་དབུས་ཐད་སྐྱོང་མངའ་ཁུལ་ཏེ། ལ་དྭགས་ཀྱི་བུད་མེད་ལོ་ཚད་མ་འདྲ་བ་དང་བྱིས་པ་བརྒྱ་ཆ་༩༠་ལྷག་ལ་ཁྲག་ཚད་མ་ལོངས་པའི་ན་ཚ་འདུག ལ་དྭགས་པ་ཚོའི་ལུས་པོར་ལྕགས་རྫས་དང་ཉེར་མཁོའི་བཅུད་རྫས་རྣམས་རག་ཐབས་སུ་འབྲས་དང་གྲོ་ཕྱེ་སོགས་ཟས་རིགས་ཁོངས་སུ་མང་ཙམ་ལོངས་སྤྱོད་བྱེད་དུ་འཇུག་དགོས་པའི་ལམ་སྟོན་བྱས་འདུག

བཅུད་སྨན་ཀ་པ་དང་ག་པ་(Vitamin A and D)
བཅུད་སྨན་ཀ་པ་དང་ག་པ་(Vitamin A and D)

རྒྱ་གར་གྱི་སྨན་པ་པ་ཝན་ཀོ་ཏ་ཝལ་གྱིས་ལ་དྭགས་པའི་བུད་མེད་དང་བྱིས་པ་བརྒྱ་ཆ་༩༠་ལྷག་ལ་སྔོན་ཚོད་དང་ཤིང་འབྲས། བཅུད་སྨན་ཀ་པ་དང་ག་པ་རྣམས་རག་གི་མེད་པ་ཤེས་རྟོགས་བྱུང་སོང་། གོང་གི་བཅུད་རྫས་དེ་དག་ལུས་པོར་ཐོབ་ཐབས་སུ་ལ་དྭགས་པ་ཚོར་སྔོན་ཚོད་དང་ཤིང་འབྲས། གྲོ་དང་འབྲས་སོགས་མང་ཙམ་ལོངས་སུ་སྤྱོད་དུ་འཇུག་དགོས། མི་རྣམས་བཅུད་སྨན་རིན་བུ་གཏང་རྒྱུར་འདོད་པ་དེ་ཙམ་མེད་པས་ཟས་བཅུད་རྣམས་ཚང་གི་མེད་པ་རེད། ལ་དྭགས་པའི་ཟས་སྤྱོད་ལ་འགྱུར་བ་ཅུང་ཟད་བཏང་ན་ཟས་རིགས་ལ་བྲོ་བཅུད་ལྡན་པར་མ་ཟད། མིའི་ལུས་པོར་ཚང་དགོས་ངེས་ཀྱི་བཅུད་རྫས་རྣམས་ཀྱང་ཚང་གི་རེད། ད་ལོའི་ཕྱི་ཟླ་༤་པ་ནས་གྲོ་ཕྱེ་མང་ཙམ་ཟ་རུ་འཇུག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བཤད་འདུག

གླེང་སྟེགས།

XS
SM
MD
LG