ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལ་དྭགས་པ་ཚོས་འོས་ཤོག་འཕངས་ནས་མངའ་སྡེའི་ཐོབ་ཐང་རྩོད་ལེན།


ལ་དྭགས་པ་ཚོས་འོས་ཤོག་འཕངས་
ལ་དྭགས་པ་ཚོས་འོས་ཤོག་འཕངས་

༄༅།། ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོ་ས་གནས་དེར་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱ་རྒྱུར་བློ་ཁ་གཅིག་ཏུ་མཐུན། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་བྷེ་རོན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ནང་དུ་ལ་དྭགས་ལ་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེར་འོས་ཤོག་འཕངས། ལ་དྭགས་ཀྱི་མི་འབོར་ཕྱེད་ཀ་མ་ཟིན་ཙམ་ཞིག་ཁ་ཆེ་ཡིན་པ་དང་ནང་པ་བརྒྱ་ཆ་༤༠་ཙམ་ཟིན། ལ་དྭགས་ནི་ཧི་རྡུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཤིན་ཏུ་ཉུང་བའི་ས་གནས་གཅིག་པུ་དེ་ཡིན་ཞིང་། སྲིད་བློན་མོ་དྷི་སླར་ཡང་ལས་དུས་གསུམ་པར་འདེམས་ཐོན་འབྱུང་རྒྱུའི་རྟགས་མཚན་མངོན་ཡང་བྷེ་ཇེ་པི་གཞུང་འཛིན་ཚོགས་པས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་པ་དོན་འཁྱོལ་མ་བྱུང་། སྲིད་བློན་མོ་དྷི་ཁ་དན་ཚིག་ལ་མ་གནས་པར་ལ་དྭགས་པ་ཚོ་བློ་ཕམ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

འདས་པའི་ལོ་བཅུ་ཕྲག་མང་པོར་ལ་དྭགས་ཇམ་མུ་ཀསྨིར་མངའ་སྡེའི་ཁོངས་སུ་བཅུག་ཀྱང་༢༠༡༩་ལོར་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་ས་གནས་དེ་དབུས་ཐད་སྐྱོང་ས་ཁུལ་གཉིས་སུ་བསྒྱུར། ལོ་ན་༧༡་ལ་སོན་པའི་ལ་དྭགས་ས་གནས་གཞུང་གི་སྲི་ཞུ་བ་ཟུར་པ་དང་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་བསྟན་འཛིན་ནོར་བུ་ཞེས་པ་ཞིག་གིས་འོས་ཤོག་འཕངས་ཏེ་ང་ཚོར་སྲུང་སྐྱོབ་དགོས་ཀྱི་འདུག ད་ལྟའི་སྲིད་གཞུང་གིས་ལ་དྭགས་རྩ་མེད་གཏོང་གི་འདུག་ཅེས་སྐྱོན་བཙུགས། དེ་བཞིན་ལོ་ན་༥༩་ལ་སོན་པའི་ཨུ་མི་ལཱ་བྷ་ནོ་ཞེས་པའི་ཁ་ཆེ་བུད་མེད་ཅིག་གིས་ཀྱང་ངས་ལ་དྭགས་ལ་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་འཁོད་པའི་ཐོབ་ཐང་རྣམས་ལེན་ཐུབ་མཁན་ཞིག་རེད་བསམས་པའི་མི་ཞིག་ལ་འོས་ཤོག་འཕངས་ཡོད། ལ་དྭགས་ལ་དེ་དགོས་ཀྱི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

ལ་དྭགས་ཀྱི་ཁོར་ཡུལ་སྲུང་སྐྱོབ་པ་དང་སྤྱི་ཚོགས་ལས་འགུལ་བ་བསོད་ནམས་དབང་ཕྱུག
ལ་དྭགས་ཀྱི་ཁོར་ཡུལ་སྲུང་སྐྱོབ་པ་དང་སྤྱི་ཚོགས་ལས་འགུལ་བ་བསོད་ནམས་དབང་ཕྱུག

ལ་དྭགས་ཀྱི་ཁོར་ཡུལ་སྲུང་སྐྱོབ་པ་དང་སྤྱི་ཚོགས་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་མང་ཚོགས་འུ་ཐུག་ནས་ཁོར་ཡུག་དང་སྐྱེ་ཁམས། ལ་དྭགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ། ལ་དྭགས་པའི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་དང་ལས་ཀའི་ས་མིག་རྣམས་སྲུང་སྐྱོབ་དོན་དུ་ཟླ་བ་མང་པོར་ངོ་རྒོལ་ལས་འགུལ་སྤེལ་བ་རེད་ཅེས་བཀྲལ། ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོས་མགྲིན་གཅིག་ཏུ་རྒྱ་གར་བ་ཁྲི་ཚོ་མང་པོ་ལ་དྭགས་སུ་གནས་སྤོས་བྱས་ནས་ཡུལ་མི་རྣམས་གྲངས་ཉུང་མི་རིགས་སུ་འགྱུར་གྱི་འདུག རྒྱ་གར་གྱི་སྒེར་པ་འབྱོར་ལྡན་པ་ཚོས་ལ་དྭགས་སུ་བཟོ་གྲྭ་བཙུགས་ཏེ་གཏེར་ཁ་བསྔོགས། གཙང་པོ་དག་གི་སྟེང་དུ་གློག་ཁང་འཛུགས་སྐྲུན་བྱས་ནས་སྐྱེ་ཁམས་ཤིན་ཏུ་གཉོམ་པའི་ལ་དྭགས་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་གི་འདུག ནམ་ཞིག་ལ་དྭགས་པ་རྣམས་ཧི་མ་ལ་ཡའི་ལྗོངས་ཀྱི་མཐོ་སྒང་འདིར་འཚོ་གནས་བྱེད་མི་ཐུབ་པའི་ཚད་དེར་ལྷུང་ས་རེད་ཅེས་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་བགྲངས།།

ཕྱི་ཟླ་༥་པའི་ཚེས་༢༠་ཉིན་གཟའ་འཁོར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༤་དང་༢༠༡༩་གཉིས་ཀར་ལ་དྭགས་ལ་གྲོས་ཚོགས་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེ་བྷེ་ཇེ་པི་གཞུང་འཛིན་ཚོགས་པར་ཐོབ། ད་ལོ་བྷི་ཇེ་པི་གཞུང་འཛིན་ཚོགས་པས་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མ་བདམས་པར་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་རྒྱ་མཚན་བདམས། ཀོང་རེ་ཚོགས་པས་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་སྲིད་དོན་ཚོགས་པ་དེའི་གྲོས་ཚོགས་འཐུས་མིའི་འོས་མིར་བདམས། ཧ་ཇཱི་ཧ་ཎི་ཧྥ་ཇན་(Haji Haneefa Jan)་ཞེས་པ་ཞིག་སྲིད་དོན་ཚོགས་པ་གང་གི་ཁོངས་སུའང་མ་ཞུགས་པར་རང་ཐད་དུ་གྲོས་ཚོགས་འཐུས་མིའི་འོས་མིར་ལངས། ཁོ་པར་མཁར་དཀྱིལ་གྱི་ཁ་ཆེ་ཚོའི་སྤྱི་མོས་རྒྱབ་སྐྱོར་ཐོབ་པ་དང་ལ་དྭགས་ལ་གྲོས་ཚོགས་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེར་འོས་མི་གསུམ་གྱིས་འགྲན་རྩོད་བྱ་དགོས་པར་གྱུར།།

བྷི་ཇེ་པི་གཞུང་འཛིན་ཚོགས་པས་གྲོས་ཚོགས་འཐུས་མི་དང་ཀོང་རེ་ཚོགས་པས་ལ་དྭགས་གྲོས་ཚོགས་འཐུས་མི།
བྷི་ཇེ་པི་གཞུང་འཛིན་ཚོགས་པས་གྲོས་ཚོགས་འཐུས་མི་དང་ཀོང་རེ་ཚོགས་པས་ལ་དྭགས་གྲོས་ཚོགས་འཐུས་མི།

ཉམས་ཞིབ་པ་ཚོས་བྷི་ཇེ་པི་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཀོང་རེ་སི་ཚོགས་པ་གཉིས་ཀས་གླེའི་ཕྱོགས་ཀྱི་ནང་པ་ཚོ་འགུགས་ཐབས་བྱེད་ཀྱི་ཡོད་ཅིང་། མཁར་དཀྱིལ་གྱི་ཁ་ཆེ་ཚོས་ཧ་ཇཱི་ཧ་ཎི་ཧྥ་ཇན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་འོས་མི་གསུམ་པ་དེར་འོས་ཤོག་མང་བ་ཐོབ་སྲིད་ཅེས་བསྟན། ལ་དྭགས་ཀྱི་རྒྱལ་ས་གླེའི་ཁུལ་དུ་འོས་ཤོག་འཕེན་༢༩༨་དང་མཁར་དཀྱིལ་དུ་འོས་ཤོག་འཕེན་ས་༢༧༩་སྒོ་ཕྱེ། ལ་དྭགས་སུ་ཟིང་ཆ་མེད་པར་ཞི་བདེ་བརྟན་ལྷིང་ཡིན་རུང་འོས་ཤོག་འཕེན་ཡུལ་ཁག་ཏུ་དྲག་ཆས་ཉེན་རྟོག་པ་དང་ཉེན་རྟོག་པ་བཀྲམ་ནས་འོས་བསྡུར་སྲུང་སྐྱོབ་བྱས་ནས་ཞི་འཇམ་གྱི་སྒོ་ནས་འགྲུབ་ཏུ་འཇུག་རྒྱུའི་ཐབས་སུ་འབད། རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་གིས་ལ་དྭགས་ཀྱི་ས་གནས་ཁག་ཏུ་འོས་བསྡུའི་རྟོག་ཞིབ་པ་བསྐོ་འཛུགས་བྱས་ཤིང་། ད་ལོའི་འོས་བསྡུ་ནི་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་དུ་གྱུར་པའི་གཞུག་གི་འོས་བསྡུ་ཐེངས་དང་པོ་ཡིན་པས་མི་དམངས་རྣམས་ཚ་ཚ་འུར་འུར་གྱིས་འོས་བསྡུའི་ནང་དུ་ཞུགས།།

ལ་དྭགས་ཀྱི་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་འགོ་ཁྲིད་ཚོས་ས་གནས་དེར་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་འཁོད་པའི་ཐོབ་ཐང་རྣམས་དགོས། ལ་དྭགས་ལ་མངའ་སྡེའི་གྲོས་ཚོགས་བཙུགས་ཏེ་བཅའ་ཁྲིམས་གཏན་འབེབས་བྱེད་ཆོག་པའི་དབང་ཚད་དགོས། ལ་དྭགས་ལ་མངའ་སྡེའི་གྲོས་ཚོགས་དང་ཁྲིམས་བཟོ་ཆོག་པའི་དབང་ཚད་མེད་ན་སྐྱེ་ཁམས་དང་ཁོར་ཡུག ལ་དྭགས་པའི་རིག་གཞུང་དང་སྐད་ཡིག མི་རིགས་ཀྱི་ངོ་བ་བཅས་པ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མི་འདུག དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་ནི་མི་སེར་སྤེལ་ཡུལ་ལྟ་བུ་ཞིག་རེད་ཅེས་རྩོད་པ་འཕངས། རྒྱ་གར་གཞུང་གིས་ལ་དྭགས་ལ་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་འཁོད་པའི་ཐོབ་ཐང་ཁག་ཅིག་སྤྲོད་ཀྱི་ཡོད་ཀྱང་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུར་མ་འཐད། རྒྱ་གར་གྱི་ནང་སྲིད་བློན་ཆེན་གྱིས་ང་ལ་སྲིད་བློན་མོ་དྷིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་ཅིག་ཅེས་བཀའ་ཕབ་ཀྱང་ངས་སྤྲོད་རྒྱུ་མིན་ཟེར་བ་རེད་ཅེས་གནས་ཚུལ་ཐོན།།

ལ་དྭགས་པ་ཚོས་འོས་ཤོག་འཕངས་ནས་མངའ་སྡེའི་ཐོབ་ཐང་རྩོད་ལེན།
ལ་དྭགས་པ་ཚོས་འོས་ཤོག་འཕངས་ནས་མངའ་སྡེའི་ཐོབ་ཐང་རྩོད་ལེན།

ཕྱི་ཟླ་༥་པའི་ཚེས་༡༩་ཉིན་རྒྱ་གར་གྱི་ཧིན་རྡུ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ནི་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཁྲུ་༡༡༠༠༠་གི་ཡན་ཆད་དུ་ཆགས་ཡོད་པས་གནམ་གཤིས་གྲང་ངར་ཆེ། ད་དུང་ལ་དྭགས་པ་ཚོར་ཆོས་ལུགས་དང་ས་གནས་ཀྱི་འཐེན་འཁྱེར་ཐོག་ཏུ་འགལ་ཟླ་ཆེན་པོ་འདུག ཡིན་ནའང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་སྲིད་དོན་ཚོགས་པ་གསུམ་གྱིས་ལ་དྭགས་ལ་གྲོས་ཚོགས་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེར་འཐབ་རྩོད་བྱས་ཀྱང་འོས་ཤོག་རྣམས་ཁ་འཐོར་ནས་འོས་མི་གཅིག་ལའང་འོས་ཤོག་གྲངས་མང་ཐོབ་དཀའ་བར་སྣང་། ལ་དྭགས་པ་ཚོར་མངའ་སྡེའི་ཐོབ་ཐང་དགོས་པའི་མངོན་འདོད་ནི་གཅིག་མཚུངས་རེད། ཧ་ཇཱི་ཧ་ཎི་ཧྥ་ཇན་གྱིས་གླེ་དང་མཁར་དཀྱིལ་གཉིས་ཀར་ལ་དྭགས་ཀྱི་མདུན་ལམ་དོན་དུ་བློ་འཚབ་ཡོང་གི་འདུག ངས་ལ་དྭགས་པའི་དགོས་འདུན་དོན་ཚན་༤་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་གླེང་ཐབས་བྱ་རྒྱུ་ཡིན་ཞེས་ཁས་བླངས།།

ལ་དྭགས་ཀྱི་ནང་པ་ཚོ་བྷི་ཇེ་པི་གཞུང་འཛིན་ཚོགས་པར་བློ་ཁ་མ་ཚིམས། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཚོས་དབུས་གཞུང་གི་བློན་ཆེན་དང་བྷེ་ཇེ་པི་གཞུང་འཛིན་ཚོགས་པའི་འོས་བསྡུའི་དྲིལ་བསྒྲགས་འགན་འཛིན་ཀི་རེན་རི་ཇཱི་ཇཱུ་མངགས་ཏེ་ལ་དྭགས་པ་ཚོར་སྲིད་བློན་མོ་དྷིའི་ཁས་ལེན་དམ་བཅའ་དེ་ཚོར་ཡིད་ཆེས་མ་བརླགས། མ་འོངས་པའི་ལོ་ལྔའི་ནང་དུ་ལ་དྭགས་པའི་དགོས་འདུན་རྣམས་འགྲུབ་ངེས་རེད། དེ་ལ་འཆར་འགོད་ཆ་ཚང་ཞིག་བྱས་ཟིན་པ་རེད། ཁྱེད་ཚོ་སྲིད་བློན་གྱི་ཁ་གཏད་དུ་མ་ལངས་པར་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་ཚོགས་པས་དབུས་གཞུང་ལ་གྲོས་མོལ་བྱ་དགོས་ཞེས་བཤད་དུ་བཅུག་ཅིང་། བྷི་ཇེ་པི་གཞུང་འཛིན་ཚོགས་པའི་འོས་མི་བཀྲ་ཤིས་རྒྱལ་མཚན་འོས་བསྡུའི་སྔོན་དེར་ནང་པའི་དགོན་པ་ཁག་དང་ཁ་ཆེའི་ལྷ་ཁང་ཁག་ཏུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་དུ་སོང་། ཀོང་རེ་སི་ཕྱོགས་འགལ་ཚོགས་པས་ཀྱང་ལ་དྭགས་ལ་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་འཁོད་པའི་ཐོབ་ཐང་ཁག་སྤྲོད་རྒྱུ་ཡིན་ཞེས་ཁས་བླངས་མོད། འོན་ཀྱང་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུ་ཡིན་མིན་ཐད་གླེང་སློང་ཅི་ཡང་བྱས་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG