ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ལ་དྭགས་ཀྱི་ཚོགས་པ་ཁག་གིས་མངའ་སྡེའི་ཐོབ་ཐང་རྩོད་ལེན།


རྒྱ་གར་གྱི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིན་མོ་ལ་རྒྱལ་ས་ལྡི་ལི་གསར་པར་རུ་སྒྲིག
རྒྱ་གར་གྱི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིན་མོ་ལ་རྒྱལ་ས་ལྡི་ལི་གསར་པར་རུ་སྒྲིག

༄༅།། ལ་དྭགས་ཀྱི་གླེའི་འགོ་གཙོ་ཚོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་གཉིས་ཀས་དབུས་ཐད་སྐྱོང་མངའ་ཁུལ་དེར་མངའ་སྡེའི་ཐོབ་ཐང་དགོས། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་ཁྱོབ་ཁོངས་སུ་བཅུག་སྟེ་གྲངས་ཉུང་མི་རིགས་སམ། ཚོ་ཤོག་ཁག་གི་ཐོབ་ཐང་རྣམས་ལ་དྭགས་ལའང་སྤྲོད་དགོས་ཞེས་དགོས་འདུན་བཏོན། ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་པ་ཚོས་རྒྱ་གར་གྱི་ནང་སྲིད་ལྷན་ཁང་ལ་སྙན་ཞུ་རིང་པོ་ཞིག་ཕུལ་ཡོད་པ་དེའི་ནང་དུ་ལ་དྭགས་ཀྱི་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་། ས་ཁམས་ཆགས་ཡུལ་དེ་ཉིད་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བ། ལ་དྭགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་དོན་དུ་མངའ་སྡེའི་ཐོབ་ཐང་དགོས་ཀྱི་འདུག་ཅེས་སྒྲུབ་བྱེད་བཀོད།།

ལ་དྭགས་ཀྱི་གླེའི་འགོ་གཙོ་ཚོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ནི་ལ་དྭགས་ཀྱི་ཆོས་ཕྱོགས་དང་ཆབ་སྲིད། སྤྱི་ཚོགས་དང་ཤེས་ཡོན་ཅན། དེ་བཞིན་ས་གནས་གཞུང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གྲས་ནས་གཟེངས་སུ་ཐོན་པའི་དྲག་གྲས་རྣམས་ཡིན་ཞིང་། ༢༠༢༣་ལོའི་ཕྱི་ཟླ་༡༢་པའི་ཚེས་༤་ཉིན་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་ལས་སྣེ་ཎི་ཐི་ཡ་ནན་དཱ་ར་ཡེས་ལ་དྭགས་ཀྱི་སྐུ་ཚབ་ཚོར་ཐུག་འཕྲད་གྲོས་མོལ་བྱས། ཁོང་གིས་ལ་དྭགས་པ་ཚོས་རང་གི་དགོས་འདུན་རྣམས་ཡིག་ཐོག་ཏུ་ཞིབ་ཕྲ་བཀོད་ནས་དབུས་གཞུང་ལ་འབུལ་དགོས་ཞེས་བསྟན། ལ་དྭགས་ཀྱི་ཚོགས་པ་ཁག་གིས་ནང་སྲིད་ལྷན་ཁང་ལ་ཕུལ་བའི་སྙན་ཞུའི་ནང་དུ་རྒྱ་གར་གཞུང་གིས་ལ་དྭགས་མི་དམངས་ཀྱི་དགོས་མཁོར་བསྟུན་ནས་ཐུན་མོང་མ་ཡིན་པའི་ཆབ་སྲིད་འཛིན་སྐྱོང་གི་ལམ་ལུགས་ཤིག་གསར་གཏོད་བྱ་དགོས་ཞེས་བཀྲལ།།

ལ་དྭགས་ཀྱི་ཚོགས་པ་ཁག་གི་འགོ་ཁྲིད་ཚོས་རྒྱ་གར་གྱི་ནང་སྲིད་ལྷན་ཁང་ལ་ཐེངས་རྗེས་མར་ལ་དྭགས་ཀྱི་སྐུ་ཚབ་ཚོར་ཐུག་འཕྲད་གྲོས་མོལ་བྱེད་པའི་དུས་སུ་ས་གནས་མི་དམངས་ཀྱི་མངོན་འདོད་སྐོང་བའི་རེ་བ་ཡོད། རྒྱ་གར་བྱང་ཤར་གྱི་ས་གནས་ཁག་ལ་མངའ་སྡེའི་ཐོབ་ཐང་ཡོད་པ་ལྟར་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་ཆོག་པའི་འོས་བབ་ཡོད། ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུ་ནི་ཆབ་སྲིད་ཀྱི་འཐུས་ཚབ་མཚོན་པའི་ནུས་པ་ཆེ་རུ་གཏོང་ཐབས་དང་དམངས་གཙོའི་སྒྲོམ་གཞི་ལྟར་ས་གནས་སུ་དབང་ཚད་སྤྲོད་རྒྱུ། མི་དམངས་ལ་རང་ཉིད་རྒྱལ་ཁབ་ཅིག་གི་ཁོངས་སུ་གཏོགས་པའི་འདུ་ཤེས་སྐྱེ་རུ་འཇུག་རྒྱུ་སོགས་ལ་ཕན་ཐོགས་ཆེ་ཟེར། ༢༠༡༩་ལོའི་ཕྱི་ཟླ་༨་པའི་ནང་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་གྱི་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར།།

ཐོག་མར་རྒྱལ་ས་གླེའི་ཕྱོགས་ཀྱི་ནང་པ་ཚོས་ལ་དྭགས་ལ་དབུས་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་རག་པར་དགའ་བསུ་ཞུས། མཁར་དཀྱིལ་ཕྱོགས་ཀྱི་ཁ་ཆེ་ཚོས་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར་བར་ངོ་རྒོལ་ལས་འགུལ་སྤེལ། ད་ལྟ་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་གཉིས་ཀས་རང་གི་ས་གནས་དེར་མངའ་སྡེའི་ཐོབ་ཐང་དགོས། མངའ་སྡེའི་ཐོབ་ཐང་མེད་ན་ལ་དྭགས་ཀྱི་ས་ཆ་དང་དཔལ་འབྱོར། ཚོང་ལས་དང་ལས་ཀའི་གོ་སྐབས། ཤེས་ཡོན་སློབ་གསོ་སོགས་ལ་འགན་ལེན་བྱེད་དཀའ། ལ་དྭགས་ཀྱི་ཕྱི་ལོགས་ནས་ཡོང་བའི་མི་ཚོས་ས་ཆ་ཉོས་ཏེ་ཚོང་ལས་གཉེར། ལ་དྭགས་པ་ཚོར་ལས་ཀ་དང་ཤེས་ཡོན་སློབ་སྦྱོང་། ཚོང་ལས་ཀྱི་གོ་སྐབས་ཆུང་དུ་འགྲོ་བ་དང་ལ་དྭགས་ཀྱི་ས་ཆའི་བདག་དབང་འཆོར་གྱི་འདུག ལྷག་པར་དུ་ལ་དྭགས་ཀྱི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་ཀྱི་མི་འདུག་ཅེས་རྒྱུ་མཚན་བགྲངས།།

གླེའི་འགོ་གཙོ་ཚོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་གཉིས་༢༠༡༩་ལོའི་གཞུག་ཏུ་ཚུགས། ཁོ་ཚོས་དམངས་གཙོའི་ལམ་ནས་ལ་དྭགས་པའི་དགོས་འདུན་སྐོང་བའི་ལས་དོན་དེ་མདུན་སྐྱོད་བྱ་དགོས། ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་དུ་འགྱུར་ནས་ལོ་༤་ཕྱིན་པའི་རིང་དེར་ཕྱི་མི་དང་ལ་དྭགས་པའི་མི་འབོར་མང་ཉུང་ལ་ཁྱད་པར་ཆེན་པོ་ཕྱིན་སོང་། ཕྱི་མི་ཚོས་ལ་དྭགས་ཀྱི་ས་ཐོག་ཏུ་བཟོ་ལས་བཙུགས་ཏེ་ས་ཆ་ཉོས་པ་དང་ཁོར་ཡུག་གཏོར་བཤིག ལ་དྭགས་པ་མང་ཆེ་བ་ཚོ་ཤོག་གི་ངོ་བོར་གནས་ཡོད་པས་རྩ་ཁྲིམས་དོན་ཚན་༦་པའི་ཁྱབ་ཁོངས་སུ་འདུ་དགོས། དེ་ལྟར་བྱུང་ན་ལ་དྭགས་པའི་ངོ་བོ་དང་རིག་གཞུང་། བྱུང་རབས་རྣམས་སྲུང་སྐྱོབ་བྱེད་ཐུབ་ཅེས་ནན་གྱིས་བསྐུལ།།

གླེའི་འགོ་གཙོ་ཚོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་གཉིས་ཀས་ལ་དྭགས་ས་གནས་གཞུང་གི་ལས་ཁུངས་ཁག་གི་ལས་བྱེད་པའི་ས་མིག་དང་སློབ་གྲྭ་ཁག་གི་སློབ་ཕྲུག་གི་ས་མིག་རྣམས་ས་གནས་མི་དམངས་ལ་ཟུར་འཇོག་བྱ་དགོས། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ནང་དུ་ལ་དྭགས་ལ་གདན་ཐོབ་གཉིས་དང་གྲོས་ཚོགས་གོང་མའི་ནང་དུ་གདན་ཐོབ་གཅིག་སྤྲོད་དགོས། ལ་དྭགས་ལ་མངའ་སྡེའི་གྲོས་ཚོགས་འཛུགས་ཆོག་པའི་འཁྲོལ་ཆ་རག་པ་དང་རྩ་ཁྲིམས་དོན་ཚན་༦་པའི་ཁྱབ་ཁོངས་སུ་ཚུད་མ་ཐག་ཏུ་ཇམ་མུ་ཀསྨིར་གྱི་རྩ་ཁྲིམས་བསྐྱར་བཅོས་ལག་བསྟར་བྱེད་ཕྱོགས་ཀྱི་འཆར་གཞི་ཞིབ་ཕྲ་ཞིག་ནང་སྲིད་ལྷན་ཁང་ལ་དངོས་སུ་འབུལ་འཆར་ཡོད་ཅེས་སྙན་ཞུའི་ནང་དུ་བཀོད། ༢༠༡༩་ལོའི་སྔོན་དུ་ལ་དྭགས་ཇམ་མུ་ཀསྨིར་མངའ་སྡེའི་ཁོངས་སུ་བཅུག་སྟེ་ལ་དྭགས་ཀྱི་ནང་པ་ཚོས་ལོ་བཅུ་ཕྲག་མང་པོར་དབུས་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་དགོས། ལ་དྭགས་ཇམ་མུ་ཀསྨིར་མངའ་སྡེའི་ཁོངས་སུ་འདུག་འདོད་མེད་ཅེས་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་རྒྱ་གར་སྭ་ར་ཇ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཤར་གྱི་ཨ་སམ་དང་མེ་གྷ་ལ་ཡ། ཊྲི་པུ་ར། མི་ཛོ་རམ་གྱི་ཡུལ་མི་རྣམས་ཚོ་ཤོག་གི་ངོ་བོའི་ཐོག་ཏུ་གནས་ཡོད་ཀྱང་མངའ་སྡེའི་ཐོབ་ཐང་བླངས། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་ཚོ་ཤོག་གི་ས་གནས་ཁག་ལ་རང་སྐྱོང་གི་དབང་ཚད་སྤྲད་ཡོད་པར་མ་ཟད། ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་རྒྱ་གར་གྱི་ཊྲི་བྷུན་གསར་ཤོག་ནང་དུ་ལ་དྭགས་ཀྱི་ཚོགས་པ་ཁག་གིས་རང་གི་ས་གནས་དེར་འབྲས་ལྗོངས་ལྟར་མངའ་སྡེའི་ཐོབ་ཐང་དགོས། འབྲས་ལྗོངས་དཔེ་མཚོན་དུ་བཀོད་དོན་ནི་དེ་ལ་མངའ་སྡེའི་ཐོབ་ཐང་སྤྲད་པའི་དུས་སུ་ལ་དྭགས་ལས་མི་གྲངས་ཉུང་ཞིང་། ལ་དྭགས་ལ་འབྲས་ལྗོངས་ལས་ཀྱང་ས་ཁྱོན་རྒྱ་ཆེ་བ་ཡོད། ལ་དྭགས་ནི་འབྲས་ལྗོངས་ལྟར་རྒྱ་གར་གྱི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བ་གཅིག་མཚུངས་ཡིན་ཞེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG