ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལ་དྭགས་ལ་མངའ་སྡེའི་གནས་ཐོབ་སྤྲོད་དགོས་པའི་གླེང་སློང་།


༄༅།། ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་རྒྱ་གར་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷིས་རྒྱལ་ཡོངས་གྲོས་ཚོགས་སུ་རྒྱ་གར་གྱི་རྩ་ཁྲིམས་ལ་འགྱུར་བཅོས་བཏང་སྟེ་ལ་དྭགས་ལ་མངའ་སྡེའི་གནས་ཐོབ་སྤྲོད་དགོས་པའི་གྲོས་སྡུར་བྱེད་དགོས་ཞེས་གྲོས་གཞི་བཏོན། གཟའ་ཟླ་བའི་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ར་ཧུལ་གྷན་དྷིས་གསར་འགོད་པ་ཚོར་ངས་ལ་དྭགས་ཀྱི་གནད་དོན་བསླངས་པ་ཡིན། ལ་དྭགས་ཀྱི་ཕུ་ནུ་མིང་སྲིང་ཚོས་རང་གི་མངའ་ཁུལ་དེར་མངའ་སྡེའི་གནས་ཐོབ་སྤྲོད་དགོས་ཞེས་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། ངས་སླར་ཡང་ལ་དྭགས་མི་དམངས་ལ་རྣམ་པ་ཚོར་ཐོབ་ཐང་ཡོད་པ་དེ་འཐོབ་དགོས་ཀྱི་རེད་ཅེས་བསྐྱར་ཟློས་བྱ་རྒྱུ་ཡིན། ཐབས་སྐྱོ་བ་ཞིག་ལ་སྲིད་བློན་མོ་དྷིའི་གཞུང་གིས་ང་ཚོར་གནད་དོན་དེར་གླེང་སློང་བྱེད་དུ་འཇུག་གི་མི་འདུག ངས་ལ་དྭགས་མི་དམངས་ལ་ང་ཚོ་ཁྱེད་ཚོའི་ཕྱོགས་ལངས་སུ་ཡོད། ང་ཚོས་ལ་དྭགས་པའི་ཐོབ་ཐང་གླེང་སློང་བྱ་རྒྱུའི་བརྡ་ཞིག་གཏོང་གི་ཡོད་ཅེས་བཤད། ར་ཧུལ་གྷ་དྷིས་ལ་དྭགས་ཀྱི་གླེ་དང་མཁར་དཀྱིལ་གྱི་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་བཅས་འབྲེལ་ཡོད་ཤོག་ཁག་ཚང་མའི་འཐུས་མི་རྣམས་འདུས་པའི་ཚོགས་ཆུང་ཞིག་འཛུགསདགོས། ཁོ་ཚོའི་དགོས་འདུན་ཅི་ཡིན་བཤད་དུ་འཇུག་དགོས་པ་དང་ལ་དྭགས་པ་ཚོ་སྔོན་གྱི་སྲོལ་རྒྱུན་ལྟར་མཐའ་མཚམས་དང་རྩྭ་ས་ཁག་ལ་མཚེར་ས་སྤོར་ཆོག་པར་འགོག་རྐྱེན་མི་འཕྲད་པའི་ཐབས་ཇུས་རྣམས་འཕྲལ་དུ་ལག་ལེན་བསྟར་དགོས་ཞེས་ནན་སྐུལ་བྱས་འདུག

༢༠༡༩་ལོའི་ཕྱི་ཟླ་༨་ཚེས་༥་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་བྷི་ཇེ་པི་གཞུང་འཛིན་ཚོགས་པས་ཇམ་མུ་དང་ཀསྨིར་གྱི་རང་སྐྱོང་དང་མངའ་སྡེའི་གནས་ཐོབ་ཕྱིར་བསྡུ་བྱས་ནས་མངའ་ཁུལ་དེ་དུམ་བུ་གཉིས་སུ་བགོས། དེ་ནས་བཟུང་སྟེ་ལ་དྭགས་ནི་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ལ་བསྒྱུར། གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་དུས་ཤིག་ནས་ལ་དྭགས་པའི་མི་དམངས་གྲས་སུ་རང་གི་མངའ་ཁུལ་དེར་མངའ་སྡེའི་གནས་ཐོབ་སྤྲོད་དགོས་ཞེས་འཐབ་རྩོད་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཀོང་རེ་སི་ཕྱོགས་འགལ་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོ་དང་གྲོས་ཚོགས་འཐུས་མི་འགའ་ཞིག་གིས་ལ་དྭགས་ཀྱི་གནད་དོན་གླེང་སློང་། ཀོང་རེ་སི་ཚོགས་པའི་གྲོས་ཚོགས་འཐུས་མི་ཏེ་ཝ་རི་ཞེས་པ་ཞིག་གིས་དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གྲོས་ཚོགས་ལ་འབོད་འགུགས་བྱ་དགོས། རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་དང་ཁྲིམས་འཛིན་ལྷན་ཁང་གཉིས་ཀས་ལ་དྭགས་ཀྱི་གནད་དོན་ལ་གྲོས་སྡུར་བྱ་དགོས་ཞེས་གྲོས་གཞི་བཏོན། བདུན་ཕྲག་སྔོན་མར་ལ་དྭགས་ཀྱི་ས་གནས་མང་དག་ཅིག་ལ་ལས་མཚམས་བཞག་ནས་ས་ཆའི་བདག་ཐོབ་དང་ལས་ཀའི་གོ་སྐབས། མངའ་སྡེའི་ཐོབ་ཐང་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

ཨལ་ཇཱེ་ཛི་ར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་གླེའི་ཕྱོགས་གཏོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་གཉིས་ཀས་རང་གི་རིག་གཞུང་གཅེས་འཛིན་དང་ས་ཆའི་བདག་ཐོབ་ཆེད་དུ་མངའ་སྡེའི་ཐོབ་ཐང་དགོས་ཞེས་ལས་འགུལ་བརྩམས། ལ་དྭགས་ལ་མི་འབོར་འབུམ་༣་ཡས་མས་ཤིག་ཡོད་པ་དང་རྒྱལ་ས་གླེའི་ཕྱོགས་ཀྱི་མི་མང་ཕལ་མོ་ཆེ་ནང་པ་དང་མཁར་དཀྱིལ་ཕྱོགས་ཀྱི་མི་མང་ཕལ་མོ་ཆེ་ཁ་ཆེ་ཡིན་ཞིང་། ༢༠༡༩་ལོར་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་དང་ལ་དྭགས་གཉིས་དབུས་གཞུང་གི་ཐད་སྐྱོང་ས་གནས་སུ་བསྒྱུར་པའི་དུས་དེར་མཁར་དཀྱིལ་ཕྱོགས་ཀྱི་ཁ་ཆེ་ཚོས་ཇམ་མུ་ཀསྨིར་གྱི་ཁོངས་སུ་ཟླ་སྒྲིལ་གཏོང་དགོས་ཞེས་དགོས་འདུན་བཏོན། ད་ལྟ་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་གཉིས་ཀས་ལ་དྭགས་མངའ་སྡེ་ཞེས་པ་ཞིག་གི་གནས་ཐོབ་དགོས་ཞེས་རྩོད་ཀྱི་ཡོད་པར་མ་ཟད། ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་མ་ཡིན་པ་ཚོས་ཇམ་མུ་ཀསྨིར་མངའ་སྡེའི་འོག་ཏུ་འདུག་གི་མིན། ཁོ་ཚོར་རང་སྐྱོང་གི་ཐོབ་ཐང་དགོས་ཞེས་འཐབ་རྩོད་ཡུན་རིང་བྱས་ཤིང་། བདུན་ཕྲག་སྔོན་མར་སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པའི་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་གྲོས་ཚོགས་སུ་ལ་དྭགས་ཀྱི་གནས་ཐོབ་ལ་བསྐྱར་ཞིབ་བྱ་དགོས། རྒྱ་གར་བྱང་ཤར་ཁུལ་གྱི་སྡེ་ཤོག་ཁག་གི་ས་གནས་ཁག་ལ་རང་སྐྱོང་གི་ཐོབ་ཐང་ཆེན་པོ་ཡོད་པ་རྣམས་ལ་དྭགས་ལའང་སྤྲོད་དགོས་ཞེས་གླེང་སློང་བྱས་འདུག

ལ་དྭགས་རང་སྐྱོང་རི་ཁུལ་འཛུགས་སྐྲུན་ལྷན་ཁང་གི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་ལ་དྭགས་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ། ས་ཆའི་བདག་ཐོབ་རྣམས་བརླག་རྒྱུ་ཤུགས་ཇེ་ཆེ་རེད། ང་ཚོར་རྩ་ཁྲིམས་ནང་དུ་རང་གི་ས་ཆ་དང་ལས་ཀའི་གོ་སྐབས། ཁོར་ཡུག་སྲུང་སྐྱོབ་དང་རིག་གཞུང་གི་ངོ་བོ་གཅེས་འཛིན་བྱེད་ཆོག་པའི་འགན་སྲུང་གི་ཐོབ་ཐང་ཞིག་དགོས་ཀྱི་འདུག་ཅེས་བཀྲལ། སྔོན་ཆད་ཇམ་མུ་ཀསྨིར་ལ་མངའ་སྡེའི་ཐོབ་ཐང་ཡོད་པའི་དུས་སུ་ལ་དྭགས་པ་ཚོར་རང་སྐྱོང་གི་ཐོབ་ཐང་སྤྲད་ནས་མངའ་སྡེའི་གཞུང་གིས་ཐེ་གཏོགས་བྱས་མེད་ཅིང་། ད་ལྟ་ལ་དྭགས་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་དུ་བསྒྱུར་ཡོད་པས་ལ་དྭགས་ཀྱི་འཛིན་སྐྱོང་ལས་དོན་ཁག་ལ་དབུས་གཞུང་གིས་ཐད་ཇུས་བྱ་རྒྱུ་ཤུགས་ཆེ་རུ་སོང་། མཁར་དཀྱིལ་རྫོང་གི་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་མཁར་དཀྱིལ་བ་ས་ཇ་ཏ་ཞེས་པ་ཞིག་གིས་ང་ཚོའི་ས་གནས་ཀྱི་ཁྱད་ཆོས་རྣམས་ཉམས་ཀྱི་འདུག ང་ཚོར་རང་གི་ལས་དོན་ཐག་གཅོད་བྱེད་ཆོག་པའི་དབང་ཚད་ཅི་ཡང་མི་འདུག སྔོན་ཆད་པ་ཀི་སི་ཐན་གྱི་གྷིལ་གྷི་ཏ་དང་བྷོལ་ཊི་སི་ཐན་སོགས་ཀྱིས་ལ་དྭགས་ལ་མིག་དཔེ་བལྟས་པ་རེད། ད་ལྟ་ཡིད་ཕངས་པ་ཞིག་ལ་ང་ཚོར་པ་ཀི་སི་ཐན་གྱི་གྷིལ་གྷི་ཏ་དང་བྷོལ་ཊི་སི་ཐན་གྱི་རང་སྐྱོང་ཐོབ་ཐང་ལྟ་བུ་ཞིག་ཀྱང་མི་འདུག་ཅེས་བསྟན།།

XS
SM
MD
LG