ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༣/༢༠

ས་གནས་འཐུས་ཚོགས་ཁག་ལ་ཟབ་སྦྱོང་བཀོད་སྒྲིག


༄༅།། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཆེད་དུ་སྐབས་༡༧་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ཟླ་༡༡་པའི་ཚེས་༡་ནས་༥་བར་དུ་རྡ་རམ་ས་ལའི་བོད་ཀྱི་གསོལ་འགྲོན་ཁང་དུ་རྡ་ས་ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན། རང་ལྡན་ཚོགས་ཆུང་གི་ཚོགས་མི་ཚོར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་སྒྲུབ་ཕྱོགས་ཀྱི་སྒྲིག་གཞི་སོགས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལ་བཙན་བོད་མིའི་བཅའ་ཁྲིམས་དོན་ཚན་༨༢་པར་འཁོད་པ་ལྟར་ས་གནས་འཐུས་ཚོགས་ལ་ས་གནས་ཀྱི་ལས་དོན་དེ་ཚོར་འབྲེལ་བ་ཡོད་པའི་སྒྲིག་གཞི་བཟོ་འགོད་དང་གཏན་འབེབས་ཀྱི་འགན་དབང་ཡོངས་རྫོགས་ཡོད་ཅིང་། ས་གནས་འཐུས་ཚོགས་ཀྱི་གལ་གནད་སོགས་ལ་ངོས་འཛིན་ཇི་ལྟར་གནང་གི་ཡོད་མེད་བཅར་འདྲི་ཞུས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམངས་གཙོ་གསོལ་རས་གནང་བའི་སྐབས་དེར་དབུས་ཀྱི་གྲོས་ཚོགས་དང་ས་གནས་འཐུས་ཚོགས་དེ་མ་འོངས་པར་བོད་གཞི་བྱེས་མཉམ་འཛོམས་བྱུང་བའི་དུས་སུ་བོད་ནང་རྒྱ་ཆེའི་མི་དམངས་ལ་ལེགས་སྐྱེས་སུ་འབུལ་དགོས་ཞེས་མ་འོངས་སྔོན་གཟིགས་ཀྱི་དགོངས་པ་བཞེས་པ་ཞིག་རེད། དབུས་ནས་སྲིད་བྱུས་གང་འདྲ་ཞིག་གཏན་འབེབས་ཟིན་ཡང་ས་གནས་ལ་དངོས་སུ་ལག་བསྟར་བྱེད་མཁན་འདི་ས་གནས་འཐུས་ཚོགས་ཁག་ཡིན་པས་ཧ་ཅང་གི་གལ་གནད་ཆེན་པོ་རེད་ཅེས་ངོས་འཛིན་གནང་འདུག

གཞན་ཡང་བཅའ་ཁྲིམས་དོན་ཚན་༧༨་པའི་ནང་གསེས་དང་པོར་བོད་པ་གནས་ཡུལ་ས་གནས་སོ་སོར་ས་གནས་འཐུས་མིའི་ཚོགས་འདུ་རེ་དགོས་ཞེས་འཁོད། ད་ལྟའི་ཆར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་རྒྱར་བལྟས་ན་རྒྱ་བལ་འབྲུག་གསུམ་དུ་ས་གནས་འཐུས་ཚོགས་༣༩་ཡོད་པར་མ་ཟད། སུད་སི་རྒྱལ་ཁབ་ཏུ་གཅིག་ཚུགས། བོད་པ་གནས་ཡུལ་ས་གནས་གཞན་ཁག་ལ་ས་གནས་འཐུས་ཚོགས་འཛུགས་ཐུབ་མེད་པས་སྤྱི་འཐུས་ཚོགས་གཞོན་གྱིས་བོད་པ་གནས་ཡུལ་ས་གནས་ཆེ་ཁག་ཅིག་ལ་ས་གནས་འཐུས་ཚོགས་འཛུགས་ཐུབ་མེད་པར་བློ་འཚབ་ཡོད། ས་གནས་མང་ཚོགས་ལ་དམངས་གཙོའི་ལམ་ལུགས་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་མ་ཐོབ་པ་རེད། ས་འཐུས་ཚོགས་འཛུགས་ཐུབ་དང་མི་ཐུབ་ཀྱི་གནས་དོན་དེ་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཤུགས་རྒྱག་དགོས་ཞིག་ལ་ངོས་འཛིན་བྱེད་དགོས་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། ཕྱི་ལོ་༡༩༩༡་ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་དེའི་ནང་དུ་ས་གནས་འཐུས་ཚོགས་ཀྱི་འཐུས་མིའི་ཡོང་ཁུངས་ནི་ཆོལ་ཁ་དང་ཆོས་རྒྱུད་ལ་མ་ལྟོས་པར་ས་གནས་རང་ཁོངས་ཀྱི་སེར་སྐྱ་ཕོ་མོ་ཚང་མས་བཅའ་ཁྲིམས་དོན་ཚན་༡༡་པ་དང་༣༨་པའི་ནང་དུ་གསལ་བ་ལྟར་འོས་བསྡུ་དང་འོས་མིར་ཞུགས་པའི་ཐོབ་ཐང་ཡོད་ཅེས་གསལ་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG