ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

སེམས་ཁམས་མཁས་པ་ཨ་རོན་བྷེཀ་དམ་པ་དེའི་ཤུལ་ལུས་ཚོར་ཐུགས་གསོ།


༄༅།། ཨ་རིའི་སེམས་ཁམས་མཁས་པ་ཨ་རོན་བྷེཀ་རེས་གཟའ་ཟླ་བའི་ཉིན་ཏེ། ཁ་སང་ཕྱི་ཟླ་༡༡་པའི་ཚེས་zc༡་ཉིན་གཟིམ་མལ་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༢་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མགོན་པོ་གང་ཉིད་སྔོན་མ་ནས་ཐུགས་འདྲིས་ཟབ་མོ་ཡོད་པའི་མཆེད་གྲོགས་དེ་དགུང་གྲངས་བརྒྱ་ལྷག་བཞུགས་ནས་དགོངས་པ་རྫོགས་པར་དམ་པ་དེའི་བུ་མོ་ཇུ་ཌི་ཐེ་བྷེཀ་གཙོས་ཤུལ་ལུས་བཟའ་མི་ཚོར་ཐུགས་གསོའི་ཕྱག་བྲིས་ཤིག་སྩལ་འདུག དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་མཆོག་གི་ཕྱག་བྲིས་དེར་གཙོ་བོ་དམ་པ་དེའི་སྐུ་ཚེའི་མཛད་རྗེས་ལ་ཆེ་བསྟོད་དང་རྗེས་དྲན། ཁོང་གི་དགོངས་པ་ལྟར་མུ་མཐུད་ནས་མང་ཚོགས་ཀྱི་སེམས་ཁམས་བདེ་ཐང་ཆེད་དུ་འབད་འབུངས་ཞུ་རྒྱུ་སོགས་འཁོད་ཡོད་པ་རེད་ཅེས་གསལ་བཀྲོལ་གནང་འདུག

སེམས་ཁམས་མཁས་པ་ཨ་རན་བྷེཀ་ནི་འཛམ་གླིང་གི་སེམས་ཁམས་གསོ་བཅོས་ངོས་འཛིན་དང་གསོ་བཅོས་ཀྱི་ཐབས་ལམ་གསར་གཏོད་གནང་མཁན་དེ་ཡིན་པར་མ་ཟད། ཁོང་གིས་འགྲོ་བ་མིའི་བསམ་བློ་དང་སེམས་ཚོར། དེ་བཞིན་དེ་དག་གི་བྱེད་ལས་བཅས་ལ་ཐད་ཀར་འབྲེལ་བ་ཡོད་པ་རྣམས་གསལ་སྟོན་གྱིས་ཡི་མུག་གི་ནད་མནར་བཅོས་སེལ་ལ་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་ཅིང་། དམ་པ་དེའི་བུ་མོ་ཇུ་ཌི་ཐེས་ངའི་ཨ་ཕ་ནི་གཞན་ཕན་ཁོ་ནར་དམིགས་ནས་ཕྱག་ལས་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན། ཁོང་གིས་སེམས་ཁམས་ཀྱི་ནད་གཞི་ངོས་འཛིན་དང་གསོ་ཐབས་ཀྱི་ཐབས་ལམ་གསར་གཏོད་བྱས་པ་ཁག་གིས་སེམས་ཁམས་འཕྲོད་བསྟེན་ལ་དམིགས་བསལ་གྱི་ཕན་ཐོགས་བྱུང་ཡོད། ཁོང་ནི་མི་རབས་ཁ་ཤས་ཀྱི་སློབ་ཕྲུག་དང་སྨན་པ། ཉམས་ཞིབ་པ་སོགས་ཀྱི་བློ་སྐྱེད་ཞུ་ས་ཞིག་ཡིན། ཁོང་གི་སྐུ་ཚེའི་མཐའ་མཇུག་གི་ཉིན་མོའི་བར་དུ་ནད་པར་ཕན་ཐོགས་ཀྱི་ཀུན་སློང་རླབས་ཆེན་པོ་ཞིག་འཆང་གི་ཡོད་པའི་རྣམ་པ་བསྟན་སོང་ཞེས་གསལ་བསྒྲགས་སྤེལ།།

ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དམ་པ་དེ་དམིགས་བསལ་གྱི་ཐུགས་འདྲིས་ཟབ་མོ་ཡོད་པ་སྟེ། ཉེ་ལམ་ཕྱི་ཟླ་༧་པའི་ནང་དུ་སེམས་ཁམས་མཁས་པ་ཨ་རོན་བྷེཀ་དགུངས་གྲངས་བརྒྱར་ཕེབས་པའི་བརྒྱ་སྟོན་གྱི་དུས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་གྱི་འཚམས་འདྲིའི་ཕྱག་བྲིས་ཤིག་སྩལ་བ་རེད། ཕྱག་བྲིས་དེར་སྐུ་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད། ད་དུང་ཡང་འཛམ་གླིང་མི་དམངས་ལ་སེམས་སྐུལ་དང་བག་ཆགས་བཟང་པོ་འཇོག་ཐུབ་ཀྱི་ཡོད་པར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད་ཅེས་བཀོད་པའི་སོགས་ངོ་སྤྲོད་གནང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG