ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་གི་བོད་པ་རྒྱ་སྒྱུར་གྱི་སྲིད་ཇུས་དང་དེའི་ཤུགས་རྐྱེན།


༄༅།། རྒྱ་ནག་གཞུང་གིས་བོད་ནང་གི་བོད་པ་གཞོན་སྐྱེས་ཚོ་དང་བྱིས་པ་ཚོ་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་དང་བོད་ཕྲུག་ཚོའི་ཀུན་སྤྱོད་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་བཞིན་འདུག་ཅེས་བོད་ནང་གི་བོད་པ་ཤེས་ཡོན་ཅན་མིང་དངོས་སུ་བརྗོད་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་ད་ལྟའི་གནས་སྟངས་འོག་བོད་མི་རིགས་འདི་རྒྱ་ནག་གི་མངའ་ཁོངས་སུ་བསྡུས་ཏེ་བོད་ས་ཡོངས་ཀྱི་སློབ་གྲྭ་ཁག་གི་མཐུན་རྐྱེན་དང་སློབ་གསོའི་ནུས་ཤུགས་ནི་རྒྱའི་སྐད་ཡིག་གི་ཤུགས་རྐྱེན་ཆེ་རུ་གཏོང་བའི་ཆེད་དུ་བཀོལ་སྤྱོད་བྱེད་པའི་དུས་སྐབས་ཤིག་རེད། དཔེར་ན་བོད་ཕྲུག་ཚོར་ཐོག་མའི་ཤེས་རིག་གི་རྨང་གཞི་ཡང་བོད་སྐད་བོད་ཡིག་མ་ཡིན་པར་རྒྱ་ཡིག་རྒྱ་སྐད་གཙིགས་སུ་བཟུང་ནས་སློབ་གསོ་སྤྲོད་ཀྱི་ཡོད་པས་བོད་མི་རིགས་ཀྱི་ཆེ་བཀུར་ཆུང་བྱམས་དང་ཡ་རབས་སྤྱོད་བཟང་གི་གོམས་གཤིས་རྣམས་ཉམས་ཏེ་མི་རིགས་རང་གི་ལོ་རྒྱུས་དང་ཡུལ་སྲོལ་གོམ་གཤིས་སོགས་ཀྱི་ཤེས་བྱ་གཏིང་ཟབ་ཅིག་ཤེས་ཐབས་མེད་པར་འགྱུར་གྱི་འདུག དེར་བརྟེན་བོད་པ་ན་གཞོན་དང་བྱིས་པ་མང་པོ་ཞིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ཏེ་རང་ཡུལ་དུ་ཕྱིར་ལོག་བྱས་ཀྱང་ཕ་མེས་ཡང་མེས་ཀྱི་སྲོལ་རྒྱུན་རྣམས་བརླགས། རང་གི་ཕ་མ་དང་ལོ་ལོན་རྒན་རྒོན་ཚོ་ཞེ་ཁྲེལ་དུ་འཇུག་པ་སོགས་སེམས་ཚོར་དྲག་པོ་སློང་གི་འདུག ཐ་ན་མི་རིགས་རང་གི་སྲོལ་རྒྱུན་གྱི་ཁ་ཟས་ལའང་དགའ་མོས་མེད་པར་འབུ་སྲིན་སྲོག་ཆགས་འདྲ་མིན་ཟ་རྔམས་ལ་གོམས། ཕ་མའི་ཁ་ཏ་སོགས་ལ་ཉན་རྒྱུའི་ཚབ་ཏུ་ཕ་མར་ཁ་ལན་སློག་པ་སོགས་སྤྱོད་ངན་ཤུགས་ཆེན་པོ་འབྱུང་གི་འདུག་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་འདས་བའི་ལོ་མང་གོང་ནས་བོད་ཀྱི་ཞིང་འབྲོག་ཁུལ་དུ་བཙུགས་པའི་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབ་པའམ། ཡང་ན་སློབ་གྲྭའི་ནང་དུ་བོད་ཡིག་བོད་སྐད་གཙོ་བོར་བཟུང་སྟེ་སློབ་ཁྲིད་བྱེད་དུ་འཇུག་གི་མེད་པ། རྒྱ་གཞུང་གིས་ཆེད་བཙུགས་སློབ་གྲྭ་ཁག་ཏུ་རྒྱ་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་ཀྱི་འདུག་ཅེས་བཀྲལ། དེ་བཞིན་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་གྱིས་རྒྱ་ནག་གཞུང་གིས་བོད་ས་ཁག་ཏུ་བཙུགས་པའི་སློབ་གྲྭ་ཕལ་ཆེ་བ་སྒོ་བརྒྱབ་པར་མ་ཟད། སྔ་ལོ་རྒྱ་ནག་གཞུང་གིས་བཙན་གྱིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་མང་པོ་ཞིག་སྒོ་རྒྱག་ཏུ་བཅུག་པ་རེད་ཅེས་བཤད་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འབྲེལ་ཡོད།

XS
SM
MD
LG