ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༢༤

མོན་ཡུལ་དུ་རྒྱལ་བའི་ཕོ་བྲང་དང་འགྲེམ་སྟོན་ཁང་གསར་བཞེངས།


༄༅།། དེ་རིང་ཕྱི་ཟླ་༤་པའི་ཚེས་༢༩་ཉིན་ཨ་རུ་ན་ཅལ་མངའ་སྡེའི་མོན་ཡུལ་ཚོགས་པའི་འགན་འཛིན་བསྟན་འཛིན་འབྱོར་ལྡན་དང་ལས་རོགས་ཤིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧གོང་ས་མཆོག་གིས་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་སྩལ་ཡོད་ཅིང་། མཇལ་ཁའི་རྗེས་སུ་མོན་ཡུལ་ཚོགས་པའི་འགན་འཛིན་བསྟན་འཛིན་འབྱོར་ལྡན་གྱིས་མོན་ཡུལ་གྱི་རླུང་ལ་ཞེས་པའི་ས་གནས་དེར་༧གོང་ས་མཆོག་གི་མཚན་ཐོག་ཏུ་རྒྱལ་བའི་ཕོ་བྲང་དང་འགྲེམ་སྟོན་ཁང་ཞིག་གསར་བཞེངས་ལེགས་གྲུབ་བྱུང་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྙན་ལམ་དུ་དབུ་འབྱེད་གསུང་འཕྲིན་ཞིག་གནང་རྒྱུའི་གསོལ་འདེབས་ཞུས་པ་ལྟར་དུས་ཡུན་སྐར་མ་བཅུའི་གསུང་འཕྲིན་ཞིག་སྩལ་བྱུང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མང་ཚོགས་ལ་རྒྱལ་བའི་ཕོ་བྲང་དང་འགྲེམ་སྟོན་ཁང་གཉིས་སྒོ་འབྱེད་བྱ་འཆར་ཡོད་ཅེས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

མོན་ཡུལ་ཚོགས་པའི་འགན་འཛིན་བསྟན་འཛིན་འབྱོར་ལྡན་གྱིས་རླུང་ལ་ས་ཁུལ་དུ་གསར་བཞེངས་བྱས་པའི་རྒྱལ་བའི་ཕོ་བྲང་ནི་བོད་ལ་དུས་འགྱུར་བྱུང་བ་དང་༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་ས་གནས་དེར་ཞག་བཞུགས་གནང་མྱོང་ཡོད་པའི་གནས་དེ་བསྐྱར་གསོ་བྱས་པ་ཞིག་ཡིན་ཞིང་། གཙོ་བོ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོའི་སློབ་སྟོན་དང་ས་གནས་ཀྱི་དཔོན་རིགས་ཁག་གི་རྒྱབ་སྐྱོར། དེ་བཞིན་མངའ་སྡེ་གཞུང་དང་མི་དམངས་བཅས་ཀྱིས་མཐུན་འགྱུར་རོགས་རམས་ལ་བརྟེན་ནས་གསར་བཞེངས་བྱས་པ་ཞིག་ཡིན། མོན་ཡུལ་ནི་བོད་དང་ས་འབྲེལ་ཡིན་པ་དང་སྐད་ཡིག ཆོས་དང་རིག་གཞུང་སོགས་ཕལ་ཆེ་བ་བོད་པ་དང་གཅིག་པ་ཡིན་པར་མ་ཟད། མོན་པ་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་རྩ་བའི་བླ་མར་བརྩི་ཡི་ཡོད་པ་རེད། ད་རེས་ཀྱི་ཕོ་བྲང་དང་འགྲེམ་སྟོན་ཁང་ནི་མོན་པ་མི་དམངས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལེགས་སྐྱེས་སུ་ཕུལ་བ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG