ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

གཞིས་ཀ་རྩེ་གྲོང་ཁྱེར་དུ་ནད་ཡམས་སྔོན་འགོག་ཆེད་དུ་སྒོ་རྒྱ་བསྡམས།


༄༅།། ཉེ་ལམ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧེ་གཙོས་ས་གནས་མང་པོར་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་གྲོང་ཁྱེར་དུ་རྒྱ་ནག་ནས་ནད་དུག་ཁྱབ། དེང་སྐབས་ཟི་ལིང་གྲོང་ཁྱེར་ལ་ཕྱི་ནང་གི་འགྲོ་འོང་བཀག་ཡོད་པའི་གནས་ཚུལ་ཐོན། ཡིན་ནའང་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཏུ་ནད་པ་གཅིག་ཀྱང་ཐོན་མེད་ཅེས་རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ། ཉིན་ཤས་གོང་དུ་རྒྱ་ནག་ནས་རྒྱ་མི་ཡུལ་སྐོར་བ་བརྒྱུད་ནས་བོད་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་དུ་མི་ཁ་ཤས་ལ་ཏོག་དབྱིབས་ནད་དུག་བགོས་ཡོད་པའི་གནས་ཚུལ་བྱུང་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་ཕྱི་ཟླ་༤་པའི་ཚེས་༢༩་ཉིན་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་གཞིས་རྩེ་ཁུལ་དུ་ཉིན་ཤས་གོང་དེར་རྒྱ་ནག་ནས་རྒྱ་མི་ཡུལ་སྐོར་བ་བརྒྱུད་ནས་མི་ཁ་ཤས་ལ་ཏོག་དབྱིབས་ནད་དུག་བགོས་ཡོད་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག མི་ཅི་ཙམ་ལ་ནད་དུག་ཁྱབ་ཡོད་མེད་གསལ་པོ་མི་འདུག དེར་རྟེན་གཞིས་རྩེ་གྲོང་ཁྱེར་འོག་གི་རྫོང་ཁག་ཚང་མར་ནད་དུག་སྔོན་འགོག་ཆེད་དུ་སྒོ་རྒྱ་བསྡམས། ཡུལ་སྐོར་གྱི་ས་ཚིགས་ཚང་མ་བཀག་སྟེ་ཕྱི་ནང་གི་འགྲིམ་འགྲུལ་བཀག་འདུག ཕྱི་ལ་ནད་ཡམས་དང་འབྲེལ་བའི་གནས་ཚུལ་རྣམས་བརྒྱུད་སྤེལ་བྱེད་མི་ཆོག་པའི་བཀའ་ཕབ་སོང་། དེང་སྐབས་མི་ཚང་མ་ཞེད་སྣང་དང་དངངས་སྐྲག་འོག་ཚུད་འདུག་ཅེས་འགྲེལ་བརྗོད་བྱས་འདུག དེ་བཞིན་ཕྱི་ཟླ་༤་པའི་ཚེས་༢༨་བོད་ནང་གི་ཞོགས་པའི་ཚོུད་༡༠་ཙམ་ལ་གཞིས་ཀ་རྩེ་གྲོང་ཁྱེར་ཁོངས་ཀྱི་སྟོད་སྤུ་ཧྲེང་རྫོང་གི་སྟག་ལ་མཁར་ཡུལ་ཚོའི་སྲང་ལམ་དུ་གད་བརྒྱབ་སྟེ་འཚོ་བ་སྐྱེལ་མཁན་བུད་མེད་བདེ་སྐྱིད་ཟེར་བ་ཞིག་གིས་བུ་མོ་ལོ་ལྔར་སོན་པ་དེ་ཁྲིད་ནས་གད་འཕྱག་བཞིན་པའི་སྐབས་སུ་ས་གནས་ཉེན་རྟོག་པས་ཏོག་དབྱིབས་བཀག་རྒྱའི་ཁྲིམས་ལ་འགལ་བའི་ཉེས་མིང་འོག་ཨ་མ་དང་བུ་མོ་གཉིས་ཀ་ཉེན་རྟོག་ཁང་དུ་ཁྲིད། ད་ལྟ་མ་སྨད་གཉིས་ཀྱི་གནས་སྟངས་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མི་འདུག བུད་མེད་དེར་ནད་ཡམས་དུས་སུ་རྒྱ་ལམ་ཐོག་ཏུ་གད་སྙིགས་འཕྱག་མི་དགོས་ཞེས་བརྡ་བཏང་མེད་པ་དང་དུས་རྒྱུན་ནད་ཡམས་སྐབས་སུའང་རྒྱ་ལམ་ལ་གད་འཕྱག་དགོས་པའི་གནས་ཚུལ་ཐོན་འདུག

བོད་ཀྱི་རྒྱལ་ས་ལྷ་སའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འགྲེལ་བརྗོད་གནང་དོན་ལྟར་ན། ཕྱི་ཟླ་༤་པའི་ཚེས་༨་ནས་ལྷ་སའི་སྣེའུ་ས་གནས་ཀྱི་ལུས་རྩལ་ཐང་ཆེན་དང་གཞིས་ཀ་རྩེའི་གྲོང་ཁྱེར་གྱི་སྨན་ཁང་ཆེན་པོ་ཞིག་གི་ནང་དུ་ཉལ་ཁྲི་༡༢༠༠༠་རེ་ཤོང་སའི་ནད་པ་ཟུར་ཁང་བྱ་ཡུལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་དུས་ཡུན་ཟླ་བ་ཕྱེད་ཀའི་ནང་ཚུད་དུ་འགྲུབ་དགོས་པའི་བཀོད་ཁྱབ་བཏང་ཡོད་ཅིང་། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཏོག་དབྱིབས་ནད་པ་ཡོད་པའི་གནས་ཚུལ་གཅིག་ཀྱང་མི་འདུག མི་ཚོགས་འདུ་འཛོམས་བྱ་ཡུལ་ཁག་ཏུ་འགྲོ་མི་ཆོག་པ་དང་ཁ་རས་ངེས་པར་དུ་གྱོན་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG