ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༢/༠༩

སྲིད་སྐྱོང་གི་གསལ་བསྒྲགས་དང་བོད་པ་རྐྱེན་འདས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཨ་རི་ནས་བཞུགས་སྒར་དུ་ཕྱིར་ལོག་བྱས་པའི་བོད་པ་ལོ་ན་༦༩་ལ་སོན་པ་ཞིག་ཁ་སང་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་འཆི་སྐྱོན་བྱུང་གནས་ཚུལ་ཐོན་ཡོད་ཅིང་། དེ་རིང་སྲིད་སྐྱོང་བློ་བཟང་སེངྒེས་དྲྭ་ཐོག་ཏུ་གསར་འགོད་གསལ་བཤད་ཅིག་གནང་སྟེ་འདས་པོ་དེ་ཉིད་ཕྱི་ཚེས་༡༥་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་འབྱོར་ནས་བཟུང་སྟེ་ཁ་སང་བར་གྱི་རྒྱུད་རིམ་ཡོངས་རྫོགས་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་ཆབས་ཅིག ཁ་སང་ཕྱི་དྲོར་འདས་པོའི་བཟའ་མི་ཚོའི་མོས་མཐུན་དང་རྒྱབ་སྐྱོར་འོག་མཚན་ལ་ཕུང་པོ་ཞུགས་འབུལ་གནང་ཟིན་ཡོད་པ་རེད།

སྲིད་སྐྱོང་གི་དྲྭ་ལམ་གསར་འགོད་གསལ་བཤད་ནང་དུ་བོད་པ་འདས་པ་དེ་དང་རོགས་པ་རྣམས་ལྡི་ལི་ནས་བཞུགས་སྒར་ལ་ཕེབས་པའི་ལམ་བར་དུ་ཕྲད་ནས་བཟའ་བཏུང་མཉམ་དུ་རོལ་པའི་མི་ཚང་གཅིག་དང་ཁོ་ཚོར་འབྲེལ་བའི་བྱུང་བའི་རླངས་འཁོར་ཁ་ལོ་བ་གཉིས། དེ་བཞིན་ལྡི་ལིར་བཞུགས་སའི་མགྲོན་ཁང་བཅས་ལ་འབྲེལ་བ་ཞུས་ནས་ཚང་མས་དགོས་ངེས་ཀྱི་དོ་གཟབ་གནང་དགོས་པ་རྣམས་ངེས་པར་དུ་གནང་དགོས་ཞེས་འབོད་སྐུལ་ཞུས་ཟིན་ཡོད་པའི་གོ་རིམ་ཁག་ངོ་སྤྲོད་གནང་བའི་རྗེས་སུ་འདས་པོ་དེར་རྗེས་དྲན་ཞུ་དགོས་ཞེས་གསུངས་ཡོད་པ་རེད།

བདུན་ཕྲག་སྔོན་མར་བཞུགས་སྒར་ཆགས་ཡུལ་ཧི་མ་ཅལ་མངའ་ཁུལ་གྱི་ཀང་རྭ་རྫོང་ཁོངས་སུ་རྒྱ་གར་བ་གཉིས་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་རྟགས་ཐོན་པའི་རྗེས་སུ་ཀང་རྭ་རྫོང་ཁོངས་ཡོངས་ལ་དུས་ཚོད་ངེས་མེད་ཀྱི་བར་དུ་བཀག་སྡོམ་གྱི་བཀའ་ཁྱབ་བསྒྲགས་ཡོད་པར་མ་ཟད། ཁུལ་དེར་བཀའ་རྒྱ་ཨང་༡༤༤་པའི་འོག་ཏུ་ས་ཆ་གཅིག་ལ་མི་ལྔ་ལས་མང་བ་མཉམ་དུ་འདུ་འཛོམས་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཞིང་། ཁ་སང་མེག་ལོར་ཁུལ་གྱི་བོད་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བས་ས་གནས་ཉེན་རྟོག་དཔོན་གྱིས་མེག་ལོར་ཁུལ་དུ་གནས་འཁོད་བྱེད་མཁན་ཡོངས་རྫོགས་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་ཐོན་མི་ཆོག་པའི་དམིགས་བསལ་བཀོད་ཁྱབ་ཅིག་བསྒྲགས། སྲིད་སྐྱོང་བློ་བཟང་སེངྒེས་བོད་པ་ཚོས་བཀོད་ཁྱབ་དེར་དམ་འཛིན་ཞུ་དགོས་པའི་ནན་བརྗོད་གནང་སོང་།

ཁ་སང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཞུགས་སྒར་ཁུལ་གྱི་བོད་པ་ཞིག་ཏོག་དབྱིབས་རིམས་ནད་ཀྱིས་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་མ་ཐག་ཏུ་དད་ལྡན་པ་ཚོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ཐུགས་འཚབ་ཡོང་གི་ཡོད་ངེས་ཡིན་སྟབས། སྲིད་སྐྱོང་མཆོག་གིས་དེའི་ཐད་དུའང་གསལ་བཤད་གནང་སོང་། གཞན་ཡང་དེ་རིང་ཕྱི་དྲོར་ཀང་རྭའི་རྫོང་དཔོན་ར་ཁེ་ཤི་ཀུ་མར་པྲ་ཇ་པ་ཏིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་རིམས་ནད་སྐོར་ལ་ཉིན་ལྟར་གསར་འགོད་ལྷན་ཚོགས་རེ་སྐོང་གི་ཡོད་པ་དེའི་ཐོག་ཏུ་བོད་པ་འདས་པོ་དེར་འབྲེལ་བ་ཡོད་པའི་གནད་དོན་རྣམས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པ་སྟེ། ཁ་སང་འདས་པོ་དེ་གཞུང་གི་ཊན་ཊར་སྨན་ཁང་ལ་མ་བསྐྱོད་གོང་དུ་སྒེར་གྱི་སྨན་ཁང་བྷ་ལ་ཇཱི་ཞེས་པ་དེར་བསྟན་འདུག དེར་བརྟེན་སྨན་ཁང་སྒོ་བརྒྱབ་ནས་སྨན་པ་དང་སྨན་ཞབས་པ། དེ་བཞིན་ནད་པ་བཅས་མི་༢༠༠་ལྷག་ལ་བརྟག་དཔྱད་བྱེད་བཞིན་ཡོད། འདས་པོ་དེ་ཨ་རི་ནས་ཕེབས་སའི་གནམ་གྲུའི་ནང་གི་འགྲུལ་བཞུད་པ་ཡོངས་ལ་འབྲེལ་བ་བྱ་རྒྱུར་འབྲེལ་ཡོད་གནམ་གྲུའི་ལས་ཁུངས་ལ་འབྲེལ་བ་བྱས་ཡོད་ཅེས་གསུངས་སོང་།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། དེ་རིང་བར་དུ་ཀང་རྭ་རྫོང་ཁོངས་སུ་སྔོན་འགྲོའི་བརྟག་དཔྱད་བྱས་པའི་གྲས་སུ་ནད་རྟགས་ཐོན་པའི་མི་གསུམ་དང་མི་གཞན་ཚོར་ནད་རྟགས་ཐོན་མེད་ཅིང་། ད་ལྟའི་གནས་སྐབས་སུ་ཀང་རྭ་རྫོང་ལ་འདས་པའི་ཉི་མ་༢༨་ཀྱི་ནང་ཚུད་དུ་རྒྱལ་སྤྱི་དང་རྒྱལ་ནང་སོགས་ས་གནས་གང་ནས་འབྱོར་ཀྱང་འབྲེལ་ཡོད་ཨང་གྲངས་མནན་ནས་ཐོ་འགོད་དེབ་སྐྱེལ་བྱ་དགོས་པའི་གསལ་བསྒྲགས་སྤེལ་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG