ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༡

སྲིད་སྐྱོང་སྤེན་པ་ཚེ་རིང་དང་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་མཇལ་འཕྲད།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ལས་ཁུར་བཞེས་པའི་གཞུག་གི་གཞུང་འབྲེལ་གྱི་ཕྱོགས་སྐྱོད་ཐོག་མ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཡོད་ཅིང་། ཕྱི་ཟླ་༦་པའི་ཚེས་༢༡་དང་༢༢་གཉིས་ལ་རྒྱ་གར་གཞུང་གི་གནད་ཡོད་དཔོན་རིགས་ཁག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་མཇལ་འཕྲད་གནང་འདུག ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་ཆབ་སྲིད་ཀྱི་གནད་འགག་ལ་གཞིགས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་དང་རྒྱ་གར་གྱི་དཔོན་རིགས་སུ་སུ་ལ་མཇལ་འཕྲད་བྱུང་མིན་གྱི་མཚན་ཐོ་རྣམས་ཕྱིར་བསྒྲགས་བྱས་མེད་ཀྱང་འདས་པའི་ཉིན་གཉིས་ཀྱི་རིང་དུ་དཔོན་རིགས་བཞི་ལྔ་ཞིག་ལ་མཇལ་འཕྲད་བྱུང་ཞིང་། ལྷག་པར་དུ་མཛད་རིམ་ཁག་གྲ་འགྲིག་པོ་དང་ཡག་པོ་བྱུང་སོང་། རྒྱ་གར་གཞུང་ནི་ང་ཚོར་དམིགས་བསལ་གྱི་གལ་འགངས་ཆེན་ཡིན་པས་སྲིད་སྐྱོང་གི་ཐེངས་འདིའི་ཕྱོགས་སྐྱོད་ཀྱང་གལ་གནད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ནན་བརྗོད་གནང་འདུག

བོད་དོན་འཐབ་རྩོད་ལ་རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་འཐོབ་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པས་ཕྱི་ཟླ་༦་པའི་ཚེས་༦་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་གྱི་གནད་ཡོད་ཚོགས་མི་༢༢་དྲྭ་ལམ་དུ་ཚོགས་འདུ་ཐེངས་དང་པོར་བསྐོངས། དེང་སང་རྒྱ་ནག་གིས་རྒྱ་གར་ལ་དཀའ་ངལ་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པའི་སྐབས་འདིར་རྒྱ་གར་གྱི་ཤེས་ཡོན་ཅན་དང་ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་ཐབས་ལམ་སྣ་མང་ཞིག་བརྒྱུད་ནས་བོད་དོན་ཐོག་ཏུ་ཆབ་སྲིད་ཀྱི་བཀའ་མོལ་ཤུགས་ཆེ་ཙམ་གསུང་ཐུབ་རྒྱུ་ནི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་ཞེས་འབོད་སྐུལ་ཞུས། ཕྱི་ཚེས་༢༣་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་བཞུགས་སྒར་དུ་ཕྱིར་ལོག་གནང་གི་ཡོད་པ་བཅས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG